༢༠༡༧ ཟླ་ ༡༠ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་ཟུང་དྲུང་བཀྲ་ཤིས་ཕུན་ཚོགས་ལགས་དེང་སྐབས་ཡུ་རོབ་རྒྱལ་ཁབ་ཁག་གཅིག་ནང་གཞུང་འབྲེལ་སྐོར་བསྐྱོད་གནང་བཞིན་པ་དང་བསྟུན། ཡུ་རོབ་ཧོལ་ལེན་ཌི་ཡུལ་གྱི་ཨེམ་མན་གྲོང་ཁྱེར་ Emmen ནང་རྟེན་གཞི་བྱས་པའི་དེང་དུས་བོད་ཀྱི་སྒྱུ་རྩལ་འགྲེམས་སྟོན་ཁང་། ཞེས་པའི་ནང་དེང་དུས་བོད་ཀྱི་སྒྱུ་རྩལ་བ་བཀྲ་ཤིས་ནོར་བུ་ལགས་ཀྱི་མཐུན་འགྱུར་རོགས་རམ་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་གྱི་སྐོར་དེང་དུས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་གཏན་འཇགས་པར་རིས་འགྲེམས་སྟོན་སྒྲིག་གཤོམ་གནང་ཐུབ་པ་བྱུང་བ་མ་ཟད། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢༢ ཉིན་༸སྐུ་པར་དེ་དག་མང་ཚོགས་ལ་འགྲེམས་སྟོན་གནང་འགོ་བཙུགས་ཡོད།
དེ་ནི་གཙོ་བོ་ཕྱི་དྲིལ་འགྲེམས་སྟོན་ཚན་པས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་པ་དང་བརྩེ་བ། བཟོད་བསྲན། ཆོག་ཤེས། འཚེ་མེད་ཞི་བ། འཆམ་མཐུན་སོགས་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་ཀྱི་བཟང་པོའི་རིན་ཐང་དང་། ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་གནང་མཛད་རྒྱུ། དེ་བཞིན་བོད་བརྒྱུད་ནང་བསྟན་གཙོ་བོར་གྱུར་བའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་མཛད་རྒྱུ་བཅས་༸སྐུའི་བླ་ན་མེད་པའི་མཛད་ཁུར་གཙོ་བོ་གསུམ་གྱི་སྐོར་འཛམ་གླིང་མང་ཚོགས་རྣམས་ལ་གོ་རྟོགས་སྤེལ་ཐབས་ཆེད་འབད་བརྩོན་གནང་བ་ཞིག་ཡིན་འདུག
༸སྐུ་པར་གྱི་འགྲེལ་བརྗོད་བོད་ཨིན་སྐད་ཡིག་གཉིས་ནང་ཡོད་འཁོད་འདུག དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་གོང་གི་གཏན་འཇགས་པར་རིས་འགྲེམས་སྟོན་དབུ་འབྱེད་སྐབས་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་གྱིས་ཐོག་མར་དེང་དུས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་གྱི་སྐོར་གཏན་འཇགས་པར་རིས་འགྲེམས་སྟོན་འཛུགས་དགོས་པའི་སྐོར་ངོ་སྤྲོད་མདོར་ཙམ་གནང་བ་དང་སྦྲགས། སྤྱིར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ལས་དོན་སྐོར་དང་གཞན་ཡང་འབྱུང་འགྱུར་ལས་གཞི་ཁག་གཅིག་བཅས་ཀྱི་སྐོར་ངོ་སྤྲོད་གནང་བ་དང་ལྷན། དེང་དུས་བོད་ཀྱི་སྒྱུ་རྩལ་བ་བཀྲ་ཤིས་ནོར་བུ་ལགས་ཀྱིས་ཐེངས་འདིར་མཐུན་འགྱུར་རོགས་རམ་གནང་བར་ཕྱི་དྲིལ་ལས་ཁུངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་གསུང་འདུག
དེ་ཡང་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་པར་རིས་འགྲེམས་སྟོན་གྱི་གནས་ཚུལ་དེ་དག་ས་གནས་ཀྱི་གྲགས་ཅན་གསར་ཤོག་བྱང་ཕྱོགས་ཧོལ་ལེན་ཌི་ North Holland ཞེས་པའི་ཐོན་པ་མ་ཟད། ས་གནས་རླུང་འཕྲིན་ལས་རིམ་ནང་བརྒྱུད་གྲགས་རྒྱ་ཆེ་བྱུང་འདུག
ཕྱོགས་མཚུངས་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་གྲགས་ཅན་བྷི་བྷི་སི་ BBC གསར་འགོད་པས་སྐུ་ཞབས་བྷརྱན་ལིབ་ཛིན་ Mr. Bryan Lipzin ལགས་ཀྱིས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་དང་བཀྲ་ཤིས་ནོར་བུ་ལགས་གཉིས་ལའང་བཅར་འདྲི་གནང་བ་དང་། སྐབས་དེར་གསར་འགོད་པས་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་སྐོར་བཅར་འདྲི་གནང་བ་མ་ཟད། བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་ཐོག་དངོས་བྱུང་གློག་བརྙན་ཞིག་བཟོ་བཞིན་ཡོད་པ་དེའི་ཆེད་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བའི་དྲི་བ་ཁག་གཅིག་ལའང་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ལན་འདེབས་ཞིབ་ཕྲ་གནང་འདུག
སྤྱིར་དེང་དུས་བོད་ཀྱི་སྒྱུ་རྩལ་འགྲེམས་སྟོན་ཁང་། ཞེས་པ་དེ་བོད་མི་དེང་དུས་སྒྱུ་རྩལ་བ་བཀྲ་ཤིས་ནོར་བུ་ལགས་ཀྱིས་ཡུལ་དེའི་མི་སེར་ལྕམ་སྐུ་མར་ཡ་ནེ་ཐོ་ལེན་ Mrs Marjanne Tholen ལགས་དང་མཉམ་རུབ་ཐོག་ནས་གསར་འཛུགས་གནང་བ་ཞིག་ཡིན་འདུག་ཅིང་།འགྲེམས་སྟོན་དབུ་འབྱེད་དེ་བཞིན་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡ ཉིན་གནང་འདུག །