ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༩ ནས་འགོ་འཛུགས་ཀྱིས་ཚེས་ ༢༨ ཉིན་རྒྱལ་ཁའི་ངང་ནས་ལེགས་གྲུབ་བྱུང་ཡོད་ཅིང་། ཚོགས་དུས་མཐའ་མའི་ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་དོན། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་མཇུག་བསྡོམས་ཐོག་ཚོགས་གཙོ་ངོས་ནས་གཏམ་བཤད་རིང་པོ་ཞུ་རྒྱུའི་གྲ་སྒྲིག་གང་ཡང་ཞུས་མེད། དེར་བརྟེན་ཚོགས་གཙོས་གང་གསུང་པ་དེ་ཚོགས་འདུའི་གྲུབ་འབྲས་དང་འབྲེལ་བ་ཡོད་པ་མ་གཏོགས་ཐག་གཅོད་དང་བཀོད་ཁྱབ་དེ་འདྲ་གང་ཡང་ཆགས་ཀྱི་མ་རེད། ཅེས་ཞུ་རྒྱུ་ཡིན། ང་ཚོའི་ལས་རིམ་དང་འབྲེལ་བའི་ཐོག་ནས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ལྔ་དང་། དེ་བཞིན་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་ནང་གྲོས་ཆོད་དོན་ཚན་བདུན་ཅན་ཞིག་དང་། ཁྲིམས་སྒྲིག་བསྐྱར་བཅོས་རིགས་གཅིག་ཕེབས་ཡོད།
སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་མང་ཆེ་བ་བཀའ་བློན་ལྷན་ཁང་ཁག་གི་ལས་བསྡོམས་སྙིང་བསྡུས་དང་། དེའི་ཐོག་སྤྱི་འཐུས་རྒྱུན་ལས་ཐོག་ནས་ལྷན་ཁང་ཁག་གི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོར་བགྲོ་གླེང་དང་ལན་འདེབས་གསལ་བཤད་བཅས་ཀྱི་ཐོག་དུས་ཚོད་མང་པ་བཏང་ཡོད་པའི་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་པའི་བཀའ་བློན་རྣམ་པ་དང་། དེ་བཞིན་གྲོས་ཚོགས་འཐུས་མི་ཚང་མས་ངོ་ནས་ཚ་ཚ་འུར་འུར་ཐོག་ནས་ཆ་ཤས་ལེན་སྟངས་སོགས་ཀྱི་ཐོག་ནས་ཡག་པོ་བྱུང་སོང་བསམ་པའི་ཚོར་སྣང་བྱུང་། སྤྱིར་ལས་རིམ་གང་འདྲ་ཞིག་བརྩམས་ཀྱང་ཕྱོགས་གཅིག་ནས་བོད་མིའི་སྒྲིག་འཛུགས་དང་བོད་མི་རིགས་ཀྱི་ལས་དོན་དང་འབྲེལ་བ་ཡོད་པ་ཞིག་ཆགས་དགོས་པ་དང་། གཉིས་ནས་བོད་དོན་བདེན་མཐའ་གསལ་རྒྱུའི་གནས་སྟངས་ཐོག་ནས་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་ཐོག་ནས་ང་ཚོས་ལས་རིམ་མང་པོ་སྒྲིག་དགོས་པའི་གནས་སྟངས་དེ་འདྲ་ཆགས་ཡོད། ད་ལྟའི་ཆར་ཆ་བཞག་ན་གནས་སྟངས་འདི་ཆབ་སྲིད་ཀྱི་ཐོག་ནས་དམར་ཤོག་གི་སྒྲིག་འཛུགས་ལམ་སེང་འགྱུར་བ་འགྲོ་གི་རེད། ཅེས་ཕྱོགས་གཅིག་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་བའི་ཐོག་ནས་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བ་ཞིག་ལ་ངོས་འཛིན་བྱེད་ན་མ་སྒྲིག་པ་མེད་པ་ལྟ་བུའི་གནས་སྟངས་ཡོང་གི་འདུག
ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་སུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་ Wang Yi གཏམ་བཤད་གནང་འདུག སྐབས་དེར་ཁོང་གིས་རྡུལ་ཕྲན་མཚོན་ཆ་དང་འབྲེལ་བའི་ཐོག་ནས་གནད་དོན་གང་ཡིན་ཕན་ཚུན་སྐད་ཆ་བཤད་ནས་ཐག་གཅོད་བྱེད་དགོས་རེད་ཅེས་བརྗོད་ཡོད། དེ་ལྟ་བུའི་གནས་སྟངས་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་གཉིས་ཕན་ཐོག་ནས་ང་ཚོ་མདུན་བསྐྱོད་བྱེད་ཐུབ་རྒྱུ་དང་། གཅིག་བྱས་ན་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་མེད་ན་བསམ་པའི་རེ་བ་ཞིག་མཐོང་གི་ཡོད་རེད། འོན་ཀྱང་ང་ཚོའི་སྒྲིག་འཛུགས་ཐོག་ནས་གོ་སྐབས་དམ་འཛིན་བྱེད་ཐུབ་དགོས་པ་ཞིག་དང་། གནས་སྟངས་དེའི་ཐོག་ལ་མཐུས་ཤོར་མི་འགྲོ་བ་བྱེད་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད། རྒྱ་ནག་གཞུང་ནས་བོད་ཀྱི་གནད་དོན་ཐོག་ལ་ལག་པ་མ་འཆང་བར་མུ་མཐུད་ལྷག་ཐུབ་ཐབས་མེད་པ་ལྟ་བུ་མཐོང་གི་ཡོད། རྒྱུ་མཚན་གང་རེད་ཅེ་ན། གཅིག་ནས་བོད་ནང་གི་བོད་མིའི་སེམས་ཤུགས་དང་། ཕུག་བསམ་ལྡན་པའི་ཐོག་ནས་མི་རིགས་ཀྱི་འདུ་ཤེས་དམ་འཛིན་གནང་བཞིན་པ་དེ་གནས་སྟངས་གཅིག་རེད། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་སེམས་ཁུར་རེད། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ནས་བོད་དོན་ཐོག་ཐུགས་སྣང་གནང་བཞིན་ཡོད། གནས་སྟངས་དེ་ཚོར་བརྟེན་ནས་རྒྱ་ནག་གཞུང་ནས་བོད་དོན་ཐོག་ལག་པ་མ་འཆང་བར་ཟུར་དུ་གཡུག་རྒྱུའི་གནས་སྟངས་ལྷག་གི་མི་འདུག ཅེས་དེ་འདྲའི་ཐོག་ནས་ཚོགས་གཙོའི་མཐོང་ཚུལ་ཞུ་འདོད་བྱུང་།
དེ་བཞིན་ང་ཚོའི་གྲོས་ཚོགས་ལས་རིམ་ནང་སྤྱི་འཐུས་སྒེར་གྱི་གྲོས་ཚོད་ཕེབས་པ་དེ་མང་མོས་ཐོག་ནས་གཏན་འབེབས་ཞུས་ཐུབ་ཡོད། གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ཡན་ལག་དང་། དེ་བཞིན་གཏམ་བཤད་དང་ཡིག་འབྲེལ་གཙོ་བོ་བོད་ཀྱི་སྐད་ཡིག་ཐོག་གནང་དགོས་པའི་ཐག་གཅོད་བྱུང་ཐུབ་ཡོད། ད་ལྟའི་དུས་ཚོད་ཀྱི་གནས་སྟངས་ཐོག་ནས་ཚོགས་གཙོ་ངོས་ནས་ཡག་པོ་བྱུང་སོང་སྙམ་པའི་ཚོར་སྣང་བྱུང་། རྒྱུ་མཚན་གང་ཡིན་ཞེ་ན། ད་ལྟའི་བོད་ཀྱི་སྐད་ཡིག་གནས་སྟངས་ཐོག་སེམས་འཚབ་བྱེད་དགོས་པའི་གནས་སྟངས་མང་པོ་ཞིག་ཆགས་ཀྱི་འདུག གཅིག་ནི་བོད་ནང་གི་གནས་སྟངས་ཐོག་ནས་སེམས་འཚབ་བྱེད་དགོས་པའི་གནས་སྟངས་ཆགས་ཀྱི་འདུག གཉིས་ནས་ང་ཚོ་བཙན་བྱོལ་སྤྱི་ཚོགས་ཐོག་ནས་ཀྱང་སེམས་འཚབ་བྱེད་དགོས་པའི་གནས་སྟངས་ཆགས་ཀྱི་འདུག དཔེར་ན། བོད་ལྟ་བུར་མཚོན་ན། རྒྱ་ནག་དང་ས་མཚམས་ཀྱི་གནས་སྟངས་བོད་པ་རེད། དེ་བཞིན་བོད་ནང་དུའང་རིགས་གཅིག་གིས་བོད་ཀྱི་སྐད་ཡིག་མི་ཤེས་པའི་གནས་སྟངས་ཡོང་བཞིན་འདུག དེ་བཞིན་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་ཐོག་ནས་ཀྱང་མང་པོ་ཞིག་གཞན་དབང་སྟབས་བསྟུན་གྱི་གནས་སྟངས་ཆགས་སྟབས། རང་དབང་ཐོག་བོད་ཀྱི་སྐད་ཡིག་ཧ་ཅང་ཤུགས་ཆེན་པོ་བེད་སྤྱོད་གཏོང་རྒྱུའི་གནས་སྟངས་མེད་ནའང་། གཞན་དབང་སྟབས་བསྟུན་འོག་གང་ལ་གང་འོས་པ་དང་གང་ལ་གང་འཚམ་པ་དེ་འདྲའི་གནས་སྟངས་ཐོག་ནས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཤུགས་ཆེན་པོ་གནང་ཐུབ་དགོས་པའི་གནས་སྟངས་དེ་གལ་ཆེན་པོ་ཆགས་ཡོད།
ཕྱོགས་མཚུངས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཞུགས་མཁན་བོད་པ་ཚོར་བལྟས་པ་ཡིན་ནའང་བོད་ཀྱི་སྐད་ཡིག་ལ་དོ་སྣང་གསར་པ་སླེབ་པ་ཞིག་དང་། ཕྲུ་གུ་ཆུང་ངུ་ཡིན་ནའང་བོད་ལུགས་ཕྱུ་པ་གྱོན་རྒྱུ་རིགས་ལ་དོ་སྣང་དང་དབྱིངས་གསར་པ་སླེབ་ཀྱི་འདུག དེ་ཚོའི་ཐོག་ལའང་ཁོར་ཡུག་བཟང་དུ་འགྲོ་བ་དང་། དོ་སྣང་ཤུགས་ཆེ་བ་ཡོང་སྟབས། མ་འོངས་པར་བོད་ཀྱི་སྐད་ཡིག་ལ་ཏན་ཏན་ཐུགས་ཕན་གསོ་བའི་རེ་བ་ཆེན་པོ་ཞིག་འདུག དེར་བརྟེན་ང་ཚོའི་ངོས་ནས་གོ་སྐབས་དམ་འཛིན་དགོས་རྒྱུ་ཞིག་དང་། བོད་མི་མང་ཚོགས་ངོས་ནས་ཀྱང་དེའི་ཐོག་དོ་སྣང་ཤུགས་ཆེ་ཙམ་གནང་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་གྲོས་ཚོགས་རྒྱལ་ཁའི་ངང་ནས་གྲོལ་ཡོད་པ་བཅས།།