༢༠༡༧ ཟླ་ ༩ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། ། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༠ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་བློན་ཆེན་ཁག་གཅིག་མཇལ་འཕྲད་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་འདུག
དེ་ཡང་ཕྱི་ཟླ་ ༩ པའི་ཚེས་ ༩ ཉིན་དཔལ་ལྡན་ཚོགས་གཞོན་མཆོག་ལྡི་ལིར་ཕེབས་འབྱོར་གནང་རྗེས་ཕྱི་དྲོ་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཧ་རི་ཡ་ན་མངའ་སྡེའི་བློན་ཆེན་ཟུར་པ་རྒྱ་གར་སྤྱི་ཚོགས་ཞབས་ཞུ་བ་སྐུ་ཞབས་སྭ་མི་ཨགྣི་ཝེཤ་ Swami Agnivesh མཆོག་དང་། འབྲུག་ནང་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ Resident Coordinator སྐུ་ཞབས་ Gerald Daly མཆོག རྒྱ་གར་ JDU སྲིད་དོན་ཚོགས་པའི་འཛིན་སྐྱོང་དྲུང་ཆེ་མེ་ཐི་ལེཤ་ Mithilesh Prasad མཆོག དེ་བཞིན་ JDU གཞོན་ནུའི་ཚོགས་གཙོ་སན་ཇེ་ཀུ་མཱར་ Sanjay Kumar བཅས་དང་མཇལ་འཕྲད་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སོགས་ངོ་སྤྲོད་གནང་འདུག
དེ་རྗེས་ཕྱི་དྲོ་ཆུ་ཚོད་ ༧ པའི་ཐོག་རྒྱ་གར་གྱི་བློན་ཆེན་ཟུར་པ་གྲོས་ཚོགས་གོང་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Shri Sharad Yadav མཆོག་དང་མཇལ་འཕྲད་དང་སྦྲགས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་དཔེ་དེབ་ཁག་ཅིག་ཕྱག་རྟགས་སུ་ཕུལ་འདུག
ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་བོད་ཀྱི་རྒྱལ་ཡོངས་མང་གཙོའི་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ལྔ་པའི་དབུ་འབྱེད་མཛད་སྒོར་ཆེད་ཕེབས་གནང་སྟེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་དང་ཚོགས་ཆེན་ཐོག་སྲིད་དོན་ཚོགས་པ་གསར་འཛུགས་དགོས་གལ་གྱི་བཀའ་སློབ་གསུང་གི་བདུད་རྩི་ཕེབས་གནང་མཛད་པ་བཞིན། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་ཀྱི་འགན་ཁུར་འོག་ཕྱི་ལོ་ ༡༩༩༤ ཟླ་ ༩ པའི་ཚེས་ ༢ ཉིན་སྲིད་དོན་ཚོགས་པ་དངོས་སུ་གསར་འཛུགས་གནང་སྐོར་སོགས་གསུངས།
ཕྱོགས་མཚུངས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་དོན། ཕྱི་ལོ་ ༡༩༦༠ ཡི་ལོ་འགོར་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོལ་ཁ་གསུམ་དང་། ཆོས་ལུགས་སོ་སོ་ནས་འཐུས་མི་འོས་འདེམས་དགོས་པའི་བཀའ་སློབ་བཀའ་དྲིན་ཆེ་སྩལ་གནང་བ་བཞིན། ལོ་དེའི་ཟླ་ ༩ པའི་ཚེས་ ༢ ཉིན་སྤྱི་འཐུས་སྐབས་དང་པོས་དམ་འབུལ་བསྐོ་གཞག་གནང་སྐོར་སོགས་གསུངས།
ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་རྒྱ་གར་བློན་ཆེན་ཤིབ་པྲ་ཏཱབ་ཤུཀལཱ་ Shiv Pratap Shukla མཆོག་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་ཟུར་པ་དང་། རྒྱ་གར་གསར་འགོད་ལྷན་ཚོགས་ཀྱི་འགན་འཛིན་ཟུར་པ་སྐུ་ཞབས་ཏྲི་ཀ་ N.K.Trika མཆོག་བར་ལམ་སྐུ་གཟུགས་བདེ་མིན་བྱུང་ནས་ད་ཆ་ཅུང་ཟད་དྲག་བསྐྱེད་བྱུང་ཡོད་སྟབས་ཁོང་དང་མཇལ་འཕྲད་ཀྱིས་བོད་དོན་ཐོག་དུས་རྟག་ཏུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་རྗེས་སྐུ་ཞབས་ཁོང་གིས་མུ་མཐུད་བོད་ཀྱི་རྩ་དོན་ཐོག་ཐུགས་ཁུར་ཆེན་པོའི་ངང་ནས་དགོངས་ཚུལ་དང་ལམ་སྟོན་སོགས་གནང་ཡོད་འདུག
ཉིན་རྒྱབ་རྒྱ་གར་བྱང་ཆུབ་ཆེན་པོའི་ཚོགས་པའི་ Mahabodhi Society of India ཟུང་དྲུང་སྐུ་ཞབས་ཨར་སུ་མི་ཐ་ནནྡཱ་ཐེ་རོ་ Ven. R.Sumiththananda Thero མཆོག་དང་། ཕྱི་དྲོ་རྒྱ་གར་དབུས་གཞུང་གི་བློན་ཆེན་སྐུ་ཞབས་གཇེནྡྲ་སིངྒ་ཤེ་ཁ་ཝཌ་ Gajendera Singh Shekhawat དང་།
ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་བློན་ཆེན་ཨཤ་ཝི་ནི་ཀུམཱར་ཅོ་བྷེ་ Shri.Ashwini Kumar Choubey མཆོག་དང་། དེ་རྗེས་ JDU ཡི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ ཨ་རུན་ ཤྲི་ཝས་ཏབ་ Shri.Arun Srivastav མཆོག་བཅས་དང་མཇལ་འཕྲད་གནང་གྲུབ་མཚམས་ལྡི་ལི་ནས་རྡ་སར་ཕེབས་ཐོན་གནང་ཡོད་པ་བཅས།།