ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་ནས་ལ་དྭགས་ས་གནས་འཐུས་ཚོགས་སྐབས་ ༩ པའི་ཚོགས་མི་གསར་འདེམས་ཀྱི་ལས་འཁུར་དམ་འབུལ་ཡོང་བའི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་ནས་ལ་དྭགས་ས་གནས་ཁྲིམས་དྲུང་པདྨ་བཟང་པོ་ལགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ ཆ་རྐྱེན་འོག་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༢ ཉིན་ས་གནས་འཐུས་ཚོགས་སྐབས་ ༩ པའི་འདེམ་ཐོན་ས་འཐུས་ཚོགས་མི་ ༢༡ ནས་ཚོགས་མི་ ༢༠ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་དོན་གྲུབ་ཚེ་རིང་ལགས་དང་། ཚོགས་གཞོན་ཚེ་རིང་དབང་ཕྱུག་ལགས་བཅས་ནས་འཕྲལ་སེལ་ཁྲིམས་ཞིབ་པའི་མདུན་སར་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པའི་གསར་འགྱུར་སྙིང་བསྡུས་སུ། །