ཟླ་བ་ ༩ ཚེས ༡༠ ༢༠༡༧
 གསར་ལས་ཁང་གི་གསར་འགོད་པས།

༢༠༡༧ ཟླ་ ༩ ཚེས་ ༡༠ རེས་གཟའ་ཉི་མ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༨ ནས་ ༡༠ བར་ཉིན་གྲངས་གསུམ་རིང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༦ གཟབ་རྒྱས་ངང་བསྐོང་ཚོགས་གནང་འདུག 

དེ་ཡང་ཕྱི་ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་མཛད་སྒོ་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས། དེང་སྐབས་བོད་ཀྱི་གནད་དོན་སྐོར་བོད་མི་ནང་ཁུལ་ཙམ་མ་ཟད།  རྒྱལ་སྤྱིའི་སྟེང་གོ་རྟོགས་རྒྱ་ཆེར་འགྲོ་བཞིན་པའི་ཁར་བྱང་ཨ་རིས་མཚོན་ཁྱོན་ཡོངས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ཡར་རྒྱས་ཧ་ཅང་འགྲོ་བཞིན་པ་དང་།  བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པར་མཚོན་ན། ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་། བོད་ཡིག་དགེ་རྒན། དེ་བཞིན་དང་བླངས་ལས་བྱེད་པ་སོགས་ཀྱིས་བོད་མིའི་ཆོས་དང་རིག་གཞུང་།  སྐད་ཡིག་སོགས་སྲུང་སྐྱོབ་སླད་རང་ཉིད་སྒེར་གྱི་ཁེ་ཕན་དང་གོ་སྐབས་མང་པོ་བློས་གཏོང་གནང་བཞིན་པར་ཡི་རངས་བསྔགས་བརྗོད་རྒྱ་ཆེ་གནང་འདུག 

གཞན་ཡང་ཕ་མས་རང་གི་ཕྲུ་གུར་ཕ་མེས་ནས་བརྒྱུད་པའི་བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་རིན་ཐང་སྐོར་སློབ་གསོ་གནང་བ་ཙམ་མ་ཟད། བོད་སྐད་རྒྱག་ཤེས་པ་བཟོ་ཐབས་གནང་གལ་ཆེ་སྐོར་དང་།  ས་གནས་གཞུང་དང་གྲོས་ཚོགས་འཐུས་མི་སོགས་ཀྱི་ལས་ཁུངས་ཁག་ཏུ་བོད་ཕྲུག་རྣམས་ལ་ལས་ཀའི་ཉམས་གསོག་སླད་དང་སྤྱི་མཐུན་ཚོགས་པས་གོ་སྐབས་བསྐྲུན་ཐབས་གནང་གལ་དང་། བོད་རིགས་ནང་ཁུལ་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་བྱ་མི་རུང་བ།

དེ་བཞིན་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཐབ་བྱུས་ཐོག་འབྱུང་འགྱུར་རྡ་སར་ཚོགས་ཆེན་འཚོགས་གཏན་འཁེལ་བའི་སྐོར།  དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་གནང་བ་དང་སྦྲགས། ཕྱི་ལོ་ ༢༠༡༧ ལོ་འདི་ནི་བོད་དོན་ཞུ་གཏུག་གི་ལོར་སྲུང་བརྩི་ཞུ་བཞིན་པ་དང་། འཆར་ལོའི་ནང་རྒྱ་གར་གཞུང་མང་གཉིས་གཙོ་བོར་གྱུར་བའི་བོད་དོན་དང་བོད་མིར་རྒྱབ་སྐྱོར་དང་རོགས་རམ་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་པའི་སྐོར་ངོ་སྤྲོད་གནང་འདུག

ཕྱོགས་མཚུངས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་དང་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ནོར་བུ་ཚེ་རིང་ལགས།  བྱང་ཨ་རིའི་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་ལགས་དང་ཚེ་དབང་རིག་འཛིན་ལགས་བཅས་ཀྱིས་དབུ་འབྱེད་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་།

གཞན་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བོད་མིའི་ནུས་སྟོབས་གོང་སྤེལ་དང་བོད་རྒྱ་མི་རིགས་མཐུན་སྒྲིལ་གོང་སྤེལ་ཚན་པའི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་དོན་གནང་ཕྱོགས་སྐོར་དང་།  སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་ཆེ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་རྒྱ་རིགས་རྣམས་དང་འབྲེལ་བ་བྱེད་ནས་བོད་ཀྱི་དངོས་ཡོད་གནས་སྟངས་འགྲེལ་བརྗོད་བྱ་རྒྱུ་གལ་གནད་ཆེ་ཚུལ་སོགས་ངོ་སྤྲོད་གནང་འདུག

སྤྱིར་ལྷན་ཚོགས་སྐབས་བྱང་ཨ་རིའི་ས་ཁུལ་འདྲ་མིན་ཁག་ ༢༧ ནས་འཐུས་མི་ ༦༢ ལྷན་ཚོགས་ནང་མཉམ་ཞུགས་གནང་ཡོད་འདུག  དེ་ཡང་ཉིན་གསུམ་གྱི་ལྷན་ཚོགས་ཐོག་གོ་བསྡུར་གནང་བའི་གནད་དོན་གལ་ཆེ་རྣམས་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་དང་། ༸སྐུ་ཕྱྭའི་ཉེན་སྲུང་གི་གནད་དོན། དེ་བཞིན་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པས་བོད་མི་ནང་ཁུལ་མཐུན་ལམ་དང་ཆིག་སྒྲིལ་གྱི་ནུས་པ་སྲ་བརྟན་གོང་མཐོར་ཇི་ལྟར་གཏོང་དགོས་མིན་སོགས་ཡིན་འདུག

ལོ་འཁོར་ལྷན་ཚོགས་ཐེངས་ ༡༦ འདི་བཞིན་གོ་སྒྲིག་གནང་མཁན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་སྐུ་ཚབ་དོན་ཁང་དང་། ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་ཚོགས་པ་ཐུན་མོང་ནས་ཡིན་འདུག་ཅིང་།   ལྷན་ཚོགས་ཀྱི་ལས་རིམ་དེ་དག་ངོ་དེབ་སོགས་བརྒྱུད་ཐད་ཀར་རྒྱང་བསྲིང་གནང་ཡོད་འདུག་པ་བཅས།།