ཟླ་བ་ ༩ ཚེས ༩ ༢༠༡༧
 གསར་ལས་ཁང་གི་གསར་འགོད་པས།

༢༠༡༧ ཟླ་ ༩ ཚེས་ ༩ རེས་གཟའ་སྤེན་པ།

༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གྷོ་པལ་པུར་དང་། བཀྲ་ཤིས་ལྗོངས། མཚོ་པདྨ་ཁུལ་དུ་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཁག་གི་དགོན་སྡེར་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་ཀྱིས་ཁ་སང་དགོང་དྲོ་རྡ་སར་ཕེབས་འབྱོར་གནང་འདུག

དེ་ཡང་ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་བཀའ་བློན་མཆོག་གྷོ་པལ་པུར་ཁུལ་དུ་ཡོད་པའི་རྡོ་རྫོང་དགོན་དང་།  བཀྲ་ཤིས་ལྗོངས་གྱི་ཉེ་འགྲམ་དུ་ཡོད་པའི་བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་།  དེ་བཞིན་བཀྲ་ཤིས་ལྗོངས་གི་དགོན་པ་དཔལ་ཕུན་ཚོགས་ཆོས་འཁོར་གླིང་བཅས་སུ་གཞུང་འབྲེལ་འཚམས་གཟིགས་གནང་ཡོད།

དེ་ཡང་བཀའ་བློན་མཆོག་དགོན་ཁག་སོ་སོར་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་དང་། དགོན་པའི་མཁན་པོ་དང་འགན་འཛིན་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་སྦྲགས་དགོན་པའི་ད་ལྟའི་གནས་སྟངས་དང་། མ་འོངས་ལས་འཆར་སོགས་ཀྱི་སྐོར་འབྲེལ་ཡོད་ཕྱག་མཛོད་སོགས་ནས་བཀའ་བློན་མཆོག་ལ་སྙན་སྒྲོན་ཞུས། དེ་ནས་རིམ་བཞིན་དགོན་པའི་ཆོས་རྭ་དང་། ཚོགས་ཁང་། འཛིན་ཁང་། ཡིག་ཚང་། གྲྭ་ཤག་སོགས་སུ་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་།

དེ་རྗེས་ཕྱི་དྲོ་བཀའ་བློན་མཆོག་མཚོ་པདྨར་ཕེབས་འབྱོར་གནང་། སྐབས་དེར་མན་ཌི་ས་གནས་འགོ་འཛིན་དང་། ས་འཐུས། དགོན་པ་དང་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པས་བཀའ་བློན་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་སྦྲགས་ཟངས་མདོག་དཔལ་རིར་གདན་ཞུས་གནང་།

ཉིན་དེའི་ཕྱི་དྲོ་དང་ཕྱི་ཚེས་ ༨ ཉིན་བཀའ་བློན་མཆོག་གིས་འོག་མིན་ཐུབ་བསྟན་བཤད་སྒྲུབ་གླིང་དང་། འཛི་སྒར་བཀྲ་ཤིས་ཐུབ་བསྟན་ཆོས་འཁོར་དགེ་འཕེལ་གླིང་། པདྨ་སམ་བྷ་་དཔེ་མཛོད་ཁང་། ཟངས་མདོག་དཔལ་རི།  ཨོ་རྒྱན་ཧེ་རུ་ཀའི་དགོན།  དེ་བཞིན་དབུ་རྩེ་རི་འཁྲོད་བྱང་ཆུབ་ཆོས་གླིང་བཅས་ཀྱི་དགོན་ཁང་དང་། ཚོགས་ཁང་། ཡིག་ཚང་། གྲྭ་ཤག གསོལ་ཐབ་ཁང་སོགས་ལ་གཟིགས་སྐོར་གནང་།

བཀའ་བློན་མཆོག་གིས་དགོན་པའི་མཁན་ལས་སྣེ་རྣམས་ནས་དུས་དང་རྣམ་པ་ཀུན་དུ་ཕྱག་ལས་ཧུར་ཐག་གནང་བར་བསྔགས་བརྗོད་དང་ལྷན། འབྱུང་འགྱུར་མུ་མཐུད་ནས་དེ་ལྟར་གནང་ཐུབ་པའི་འབོད་སྐུལ་དང་། ལྷག་པར་དགོན་སྡེ་ཁག་ནང་གྲྭ་བཙུན་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་པའི་སྐབས་འདིར་ད་ལྟ་ཡོད་སློབ་གཉེར་གནང་བཞིན་པའི་གྲྭ་བཙུན་རྣམས་ལ་ནང་ཆོས་སློབ་གཉེར་གནང་ཕྱོགས་ཐད་དོ་སྣང་གནང་དགོས་པ་བསྟན་པ་སྤྱི་ལ་ཧ་ཅང་གལ་གནད་ཆེ་སྐོར་གསུངས།།

Share with your friends










Submit