༢༠༡༧ ཟླ་ ༨ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ཟླ་ ༨ ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ཚན་པའི་ TED གོ་སྒྲིག་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཡར་ཐོན་ཚོང་ལས་གཉེར་བཞིན་པའི་ཚོང་པ་བདུན་ཅུ་ཙམ་ཞིག་མཉམ་འཛོམས་ཐོག་དབུ་འབྱེད་མཛད་སྒོ་ཚོགས་ཡོད།
དེ་ཡང་ཚོགས་འདུ་འདི་བཞིན་ཕྱི་ཟླ་ ༨ ཚེས་ ༣༠ དང་ ༣༡ བཅས་ཉིན་གྲངས་གཉིས་རིང་ཡར་ཐོན་ཚོང་ལས་གནང་ཕྱོགས་དང་འབྲེལ་བའི་ཐོག་གཏམ་བཤད་དང་བགྲོ་གླེང་། འདེམས་སྒྲུག་སོགས་གནང་རྒྱུ་ཡིན་འདུག ཐེངས་འདིའི་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང་། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས། དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས། འདུ་འཛོམས་ཐོག་གཏམ་བཤད་གནང་མཁན་དང་འབྲེལ་ཡོད་ལས་བྱེད། གསར་འགོད་པ་སོགས་ཁྱོན་མི་གྲངས་བརྒྱད་ཅུ་ལྷག་འདུ་འཛོམས་གནང་འདུག
མཛད་སྒོའི་ཐོག་མར་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་གྲུབ་བསྟུན་རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་ནས་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ཚན་པ་ནི་བཀའ་ཤག་གིས་དགོངས་གཞི་ལྟར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དཔལ་འབྱོར་ཡར་རྒྱས་སྲ་བརྟན་ཡོང་ཐབས་སྤྱི་དང་། ཡང་སྒོས་རང་རེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ན་གཞོན་ལས་མེད་ཀྱི་དཀའ་ངལ་སེལ་ཐབས་དམིགས་ཡུལ་བཟུང་སྟེ་གསར་བཙུགས་གནང་བ་ཡིན་སྐོར་སོགས་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ཚན་པའི་ངོ་བོ་དང་ལས་དོན། ཚོགས་འདུའི་དགོས་པ་བཅས་ངོ་སྤྲོད་དང་དགའ་བསུའི་གསུང་བཤད་གནང་གྲུབ་མཚམས་དཔལ་འབྱོར་བཀའ་བློན་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན།
ཆབ་སྲིད་དང་ཤེས་ཡོན། ཚོང་སོགས་གང་ཅིའི་ཐད་ང་ཚོ་མི་ཐོག་རྒན་པས་སྐུ་ལས་བསྐྱོན་པ་ལྟར་མི་ཐོག་གཞོན་པས་དཀའ་ལས་རྒྱབ་ནས་མུ་མཐུད་མཇུག་སྐྱོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བྱ་སྤུ་གནོན་ལྟར་ལས་དོན་གཅིག་མཇུག་གཅིག་མཐུད་གོ་རིམ་ལྟར་བསྒྲིགས་ནས་མ་འགྲོ་བར་ཡོང་ཐབས་མེད། སྤྱི་ཚོགས་ཚགས་ཚུད་པོ་ཆགས་པར་ཤེས་ཡོན། ཆོས། རིག་གཞུང་། སྐད་ཡིག དཔལ་འབྱོར་སོགས་ཚང་མ་ཚང་དགོས་ཀྱི་ཡོད། དཔལ་འབྱོར་གལ་ཆེན་པོར་བརྩི་ནས་དེ་རིང་གི་འདུ་འཛོམས་འདི་ཉིད་ཧ་ཅང་ཡག་པོ་འདུག འོན་ཀྱང་མི་གྲངས་བདུན་ཅུ་བརྒྱད་ཅུའི་ནང་ཧ་ལམ་བུད་མེད་བཅུ་ཙམ་ལས་མེད་སྟབས་བུད་མེད་ཀྱི་བརྒྱ་ཆ་ཉུང་ཉུང་རེད་འདུག
ང་ཚོས་བུད་མེད་རྣམས་མ་ཡོང་ཞེས་བཀག་སྡོམས་བྱ་རྒྱུ་མ་བྱུང་། བོད་པའི་བུད་མེད་ཚོང་རྒྱག་མཁན་མང་པོ་ཡོད་ཀྱང་དེ་རིང་འདིར་བུད་མེད་བཅུ་ཙམ་ལས་སླེབ་མི་འདུག མ་འོངས་པར་ཕོ་མོ་འདྲ་མཉམ་ཐོག་མཉམ་ཞུགས་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག བོད་མིའི་སྒྲིག་འཛུགས་ནས་སྲིད་བྱུང་དང་ལངས་ཕྱོགས་འཛིན་ཡོད་པ་དེར་ཚང་མས་འགན་འཁུར་མ་བཞེས་ན་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་མཐུན་འགྱུར་ཁོ་ནས་ཡོང་ཐབས་གང་ཡང་མེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བུད་མེད་ཆེད་ས་མིག་གཉིས་གཏན་འབེབས་གནང་བ་ཙམ་གྱིས་བུད་མེད་ཀྱི་ནུས་པ་འཕེལ་རྒྱུ་གང་ཡང་མེད།
མང་གཙོ་དུས་ཆེན་ཉིན་མོར་རྣམ་པ་ཚོར་ཕྱག་རྟགས་ཆེན་པོ་ཞིག་འབུལ་རྒྱུ་རེད། འོན་ཀྱང་ཕྱག་རྟགས་དེ་ཐོབ་པ་བྱེད་པར་སྔོན་འགྲོའི་ཆ་རྐྱེན་མང་པོ་ཞིག་ཚང་དགོས་སྟབས་དཀའ་ལས་རྒྱག་དགོས་ཀྱི་ཡོད། ཆ་རྐྱེན་མ་ཚང་ན་ཕྱག་རྟགས་ཐོབ་རྒྱུ་མ་རེད། རྣམ་པ་ཚོ་ལ་མཐུན་འགྱུར་རོགས་རམ་གང་དགོས་པ་རྣམས་འབྲེལ་ཡོད་ལས་བྱེད་ལ་གསུང་ཚེ་གང་ཐུབ་ཞུ་རྒྱུ་རེད། ཞབས་ཞུའི་སླད་ཚན་པ་འདི་ཆེད་མངགས་འཛུགས་པ་ཞིག་ཡིན། དེར་བརྟེན་ཚན་པ་འདིའི་ལས་འགན་ཡང་ཡིན། འོན་ཀྱང་དོ་དག་སོ་སོའི་ངོས་ནས་དཀའ་ལས་རྒྱབ་ཏེ་དམིགས་ཚད་བཟུང་ནས་འགྲོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
རྒྱ་གར་ཡུལ་མིར་མཚོན་ན། ཐོག་མ་ཇ་ཁང་ཆུང་ཆུང་ཞིག་ནས་འགོ་བཙུགས་ཏེ་རིམ་བཞིན་ཚོང་པ་ཆེན་པོ་དེ་འདྲ་ཆགས་བཞིན་ཡོད་པ་མཐོང་ཆོས་ཡིན། དེ་འདྲ་མིན་པར་དང་པོ་རང་ནས་ཚོང་རྒྱ་ཆེན་པོ་དང་རྫིག་པོ་བྱས་ནས་རིམ་བཞིན་ཉམས་གུད་དུ་ཕྱིན་པ་ཡིན་ན་མ་འགྲིག་པ་རེད། བོད་མིའི་ཁྲོད་ཚོང་པ་ཆེན་པོ་དང་འཇོན་པོ་དེ་འདྲ་མེད་པ་མ་རེད། ཏན་ཏན་བལ་ཡུལ་ནང་སྐལ་བ་བཟང་བའི་སྐབས་སུ་ཚོང་པ་ཆེན་པོ་ཙམ་མ་ཟད། ཤེས་རིག་ལས་ཁུངས་བརྒྱུད་ཁྱིམ་ཚང་ཉི་ཤུ་ལྷག་ལ་ཤེས་ཡོན་ཐོག་རོགས་རམ་གནང་མཁན་དེ་འདྲའང་མང་པོ་བྱུང་མྱོང་ཡོད།
ལྷག་པར་ང་ཚོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྗེས་སུ་མཇུག་མཁན་གྱི་ཚོང་པ་ཞིག་ཡིན་པའི་ཆ་ནས་ཚོང་རྒྱག་པའི་སྐབས་སུ་ཁེ་ཕན་དགོས་ཀྱི་ཡོད་ནའང་ཁེ་ཕན་འདི་ཧ་ཅང་གིས་ཧམ་པ་བཤད་ནས་ཐོབ་པ་དེ་འདྲ་མ་ཡིན་པར། ཚོང་ཁེ་ཆུང་ཆུང་ཞིག་དང་སོ་སོ་ཡིན་ནའང་འཚོ་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་རེད།
ལྷག་པར་ཚོང་འདི་ལྟ་བ་དང་སྤྱོད་པ། དེ་བཞིན་ཚུལ་ཁྲིམས་དང་མཐུན་པའི་སྒོ་ནས་ཚོང་ཡག་པོ་རྒྱག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཡག་པོ་མ་བྱས་ན་དཀའ་ངལ་མང་པོ་འཕྲད་བཞིན་འདུག ང་ཚོས་ཚོང་ལ་དབྱིངས་དགོས་རེད་བསམ་བཞིན་འདུག དབྱིངས་ཡོད་ན་ཚོང་པ་ཚད་ལྡན་ཆགས་ཏེ་མ་འོངས་པར་ཚོང་ཁེ་བརྒྱ་ཆ་ལྔ་དཔལ་འབྱོར་ལས་ཁུངས་ཀྱི་རྒྱུན་གྲོནདང་བོད་མིའི་སྒྲིག་འཛུགས་ཀྱི་རྒྱུན་གྲོན་ལ་གཏོང་གི་ཡིན་ཞེས་དང་། དེ་བཞིན་སློབ་གྲྭ་ཁག་ལ་མཐུན་འགྱུར་རོགས་པ་བྱེད་པ་སོགས་གནང་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་།
མཐར་དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་ལེགས་པར་གྲོལ། །