༢༠༡༧ ཟླ་ ༨ ཚེས་ ༡ རེས་གཟའ་མིག་དམར།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༧ ཚེས་ ༣༡ ཕྱི་དྲོ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གི་ནང་ཆོས་འཛིན་ཁང་དུ་ཕྱི་སྡོད་རྒྱ་ནག་མང་གཙོ་དོན་གཉེར་བ་དང་། ཧོང་ཀོང་གི་རང་དབང་རྩོད་ལེན་པ་ཁག་གཅིག་ལ་བོད་དོན་ངོ་སྤྲོད་དང་ཕན་ཚུན་བགྲོ་གླེང་ལྷུག་པོ་གནང་འདུག
དེ་ཡང་ཨ་རི། ཁེ་ན་ཌ། ཨོ་སི་ཊོ་ལི་ཡ། ནིའུ་ཛི་ལན་ཌི། ཧོང་ཀོང་སོགས་ནང་གནས་བཞུགས་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་། ཧོང་ཀོང་གི་རང་དབང་རྩོད་ལེན་པ་ཁག་གཅིག་ཐེ་ཝན་ནང་བདུན་ཕྲག་གཅིག་རིང་བགྲོ་གླེང་དང་། གཟིགས་སྐོར་དུ་ཕེབས་པའི་ལས་རིམ་ཁོངས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་དུ་གཟིགས་སྐོར་ཀྱི་ལས་རིམ་བཀོད་སྒྲིག་གནང་ཡོད་པ་ལྟར། དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་དོན་གཅོད་ལས་ཁུངས་དང་། གངས་ལྗོངས་དཔེ་སྐྲུན་ཁང་གི་ལས་དོན་སོགས་ངོ་སྤྲོད་དང་། ལྷག་དོན་བོད་རྒྱའི་དཀའ་ངལ་སེལ་ཐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་ལ་འགྱུར་བ་མེད་པ་གཞིར་བཟུང་ཐོག་ཐེ་ཝན་ནང་ལས་དོན་སྤེལ་བཞིན་ཡོད་སྐོར། དེ་བཞིན་ཐེ་ཝན་ནང་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གཅིག་ཡོད་པ་རྣམས་ཀྱི་ལངས་ཕྱོགས་མི་འདྲ་བ་ཡོད་པ་རྣམས་གསལ་བཤད་གནང་།
དཔེར་ན་ཐེ་ཝན་བོད་རྒྱ་མཐུན་ཚོགས་ལྟ་བུར་མཚོན་ན། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཞུ་མཁན་ཞིག་ཡིན་པ་ཕུད། དེ་མིན་ཚོགས་པ་གཞན་ཕལ་མོ་ཆེས་བོད་རང་བཙན་བསྐྱར་གསོ་ཡོང་རྒྱུར་རྒྱབ་སྐྱོར་གནང་བཞིན་ཡོད་སྐོར་དང་། དེ་མིན་ཐེ་ཝན་ནང་བོད་ཀྱི་ཆོས་ལུགས་རིས་མེད་ཀྱི་ཆོས་ཚོགས་བརྒྱ་ཕྲག་ལྷག་ཡོད་པ། ད་ལྟའི་ཆར་ལག་དེབ་སྔོན་པོ་བརྒྱུད་ནས་བོད་དོན་ཆེད་ཞལ་འདེབས་འབུལ་མཁན་མི་གྲངས་མང་ཤོས་ཐེ་ཝན་ནང་ཡོད་སྐོར་སོགས་ངོ་སྤྲོད་གནང་། གཞན་ཡང་ཐེ་ཝན་ནང་རིགས་གཅིག་གིས་བོད་བརྒྱུད་ནང་བསྟན་ལ་ཆེད་མངགས་མཚན་དམས་ཞུས་པའི་གནས་ཚུལ་དེ་དག་རྒྱ་ཡན་དུ་མ་བཏང་བར་ཁྲིམས་གཏུགས་བྱེད་སྐོར་གྱི་གནས་སྟངས་གང་འདྲ་ཆགས་ཡོད་མེད་ཀྱི་དྲི་བར་དོན་གཅོད་ནས་གསལ་བཤད་གནང་དོན།
གཙོ་བོ་ཚོགས་པ་ཆེ་ཁག་གཉིས་ཡིན་པ་དང་། ཚོགས་པ་གཅིག་ནས་བོད་ཀྱི་ནང་ཆོས་ཀྱི་མིང་འཁྱེར་ནས་ཆོས་རྫུན་མ་སྤེལ་བ་དང་། ཚོགས་པ་གཞན་དེས་ཆེད་མངགས་བོད་བརྒྱུད་ནང་ཆོས་ལ་སྒྲོ་སྐུར་དམའ་འབེབས་ཀྱི་ལས་ལ་བརྩོན་བཞིན་པ་བཅས་ལ་རང་ཕྱོགས་ནས་གདོང་ལེན་བྱས་མཐར་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཡོད་པ་མ་ཟད། ལྷག་པར་ཁྲིམས་གཏུག་ཐེངས་བརྒྱ་སྐོར་བྱུང་ཡང་ད་བར་ཁྲིམས་གཏུག་བྱུང་བ་ཐམས་ཆད་ཀྱི་རྒྱལ་ཁ་དེ་སྐུ་ཚབ་དོན་གཅོད་ལས་ཁུངས་ལ་ཐོབ་ཡོད་པའི་བརྒྱུད་རིམ་ཁག་ངོ་སྤྲོད་གནང་། མཐར་ཚོགས་ཞུགས་བ་ཚོས་འབྱུང་འགྱུར་ཧོང་ཀོང་ནང་ལས་འགུལ་སྤེལ་ཕྱོགས་སྐོར་སོགས་ལ་ཕན་ཚུན་གྲོས་བསྡུར་ལྷུག་པོ་གནང་རྗེས་གངས་ལྗོངས་དཔེ་སྐྲུན་ཁང་ནས་འདོན་སྤེལ་གནང་བའི་བོད་དོན་གྱི་རྒྱ་ཡིག་དེབ་རེ་ཕྱག་རྟགས་གནང་ནས་བགྲོ་གླེང་མཇུག་སྒྲིལ་ཡོད་པ་བཅས།།