༢༠༡༧ ཟླ་ ༧ ཚེས་ ༧ རེས་གཟའ་པ་སངས།
༄༅། །ཨོ་སི་ཊོ་ལི་ཡ་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁང་གིས་གོ་སྒྲིག་དང་། སི་ཌི་ནི་དང་ཁེན་བྷེ་ར་བོད་རིགས་མཐུན་ཚོགས་གཉིས་ཀྱི་གཞོགས་འདེགས་འོག ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༦ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཆེ་ཤོས་སི་ཌི་ནི་་གྲོང་ཁྱེར་དུ་བྱམས་བརྩེའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༢ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དམིགས་བསལ་བ་ཞིག་སྲུང་བརྩི་ཞུས་འདུག
དེ་ཡང་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ ཐོག སི་ཌི་ནི་དང་ཁེན་བྷེ་ར་ནས་ཕེབས་པའི་བོད་མི་ ༡༥༠ ཙམ་དང། གཞན་ཕྱི་རྒྱལ་བའི་མི་རིགས་ཁག་ ༣༠༠ ལྷག་བཅས་མི་གྲངས་ ༥༠༠ ཙམ་༸གོང་ས་མཆོག་ནས་ལོ་མང་ཐུག་ངོ་མཁྱེན་པའི་ཆོས་གྲོགས་རྙིང་གྲས་བྷིལ་ཁུ་རུ་སུའི་ Rev Bill Crews ཡེ་ཤུའི་ལྷ་ཁང་དུ་ Exodus Foundation Church ལྷན་འཛོམས་བྱུང་སྟེ། ཐོག་མ་སྐུ་ཚབ་དོན་གཅོད་མཚོ་མགོ་ལྷག་པ་མཆོག་ནས་དེ་རིང་བྱབས་བརྩེའི་ལས་འགུལ་གྱི་ངོ་བོ་ཐོག་ནས་སྐུའི་འཁྲུངས་སྐར་དམིགས་བསལ་བ་ཞིག་སྲུང་བརྩི་ཞུས་པའི་སྐོར་ངོ་སྤྲོད་གནང་དོན། རྒྱལ་བ་རིན་པོའི་ཆེའི་ཐུགས་བསྐྱེད་དགོངས་བཞེད་གསུམ་གྱི་ནང་ནས་དང་པོ་དེ་འཛམ་བུ་གླིང་འདི་བྱམས་བརྩེ་དང་སྙིང་བརྗེའི་འཇིག་རྟེན་ཞིག་ཏུ་སྐྲུན་དགོས་པ་དེ་རེད། དེ་རིང་དོན་གཅོད་ལས་ཁང་ནས་རྐང་འགན་འཁུར་ཏེ་ལས་འགུལ་འདི་ལྟ་བུ་ཞིག་གོ་སྒྲིག་ཞུ་དགོས་པའི་དགོས་དམིགས་གཙོ་བོ་གཅིག་ནི། ཁོང་གི་དུས་དང་རྣམ་པ་ཀུན་ཏུ་བྱམས་བརྩེའི་བཀའ་སློབ་ཕེབས་བཞིན་པའི་དགོངས་དོན་ཕྲན་བུ་ཙམ་དངོས་སུ་ལག་བསྟར་ཞུ་ཐུབ་ཆེད་ཡིན།
གཉིས་པ་ནི་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ ༢༠༡༧ ལོ་འདི་བཞིན་ལས་འགུལ་གྱི་ལོར་གཏན་འབེབས་གནང་བ་བརྟེན། དོན་གཅོད་ལས་ཁང་གིས་སྐུའི་ཐུགས་བསྐྱེད་དགོངས་བཞེད་དང་དཔལ་ལྡན་འཛིན་སྐྱོང་བཀའ་ཤག་གི་སྲིད་བྱུས་དགོས་དོན་གཞིར་བཟུང་ལས་འགུལ་འདི་སྤེལ་བ་རེད། གསུམ་པ་ནི་དེ་རིང་གི་བྱམས་བརྩེའི་ལས་འགུལ་འདིས་བདག་མེད་དབུལ་ཕོངས་ ༣༥༠ ཙམ་ལ་ཉིན་གུང་དང་དགོང་དྲོའི་ཁ་ལག་ཆ་ཚང་སྦྱིན་པ་གཏོང་རྒྱུ་དང་། དེའི་འགྲོ་སོང་ཡང་སི་ནི་དང་ཁེན་བྷེ་རའི་བོད་མི་ཚོས་ཕྱར་གྲུ་མཉམ་འདེགས་ཀྱིས་ཞལ་འདེབས་དང་། སྐུ་ཞབས་བྷིལ་ཁུ་རུ་སུ་ Rev Bill Crews མཆོག་གིས་ས་ཆའི་མཐུན་འགྱུར་འོག་ཞུས་ཐུབ་པ་ཞིག་རེད། སྐུ་ཞབས་བྷིལ་ཁུ་རུ་སུ་ Rev Bill Crews མཆོག་གི་ལྷ་ཁང་ལ་མཚོན་ན་དུས་རྟག་ཏུ་འདི་ལྟ་བུའི་ལས་འགུལ་སྤེལ་བཞིན་ཡོད་སྟབས། ང་ཚོ་བོད་པ་ཚོ་ཡིན་ནའང་མ་འོངས་པར་རྒྱལ་བའི་དགོངས་བཞེད་ལྟར་བྱམས་བརྩེའི་ལས་འགུལ་འདི་ལྟ་བུ་མུ་མཐུད་སྤེལ་ཐུབ་པའི་རེ་བ་ཞུས་ཀྱི་ཡོད་ཅེས་གསུངས།
བྱམས་བརྩེའི་ལས་འགུལ་ཐོག་ཨོ་གླིང་གདོད་མའི་མི་རིགས་ཀྱི་ས་གནས་སྐུ་ཚབ་ཨན་ཌི་ཤར་ལེ་Aunty Shirleyལགས་ནས་གསུངས་དོན། སྔོན་མ་ལྷ་ཁང་འདི་གའི་ནང་དུ་ཏཱ་ལའི་བླ་མ་མཆོག་ཞབས་སོར་འཁོད་སྐབས་མཇལ་ཁའི་གོ་སྐབས་བཟང་པོ་ཐོབ་མྱོང་ཡོད་ལ། ཁོང་གི་ཕྱག་དེབ་སོགས་ནས་ཁོང་གི་རླབས་ཆེན་གྱི་དགོངས་བཞེད་ལ་མོས་པ་དང་གུས་བརྩི་ཆེན་པོ་ཞུ་མཁན་ཞིག་ཡིན། དེར་བརྟེན་དེ་རིང་ཁོང་གི་འཁྲུངས་སྐར་ལ་དམིགས་བསལ་འཚམས་འདྲི་ཞུ་རྒྱུ་དང་། ཁོང་གི་དགོངས་བཞེད་དང་མཐུན་པའི་བྱམས་བརྩེའི་ལས་འགུལ་སྤེལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།་
ཆོས་དཔོན་བྷིལ་ཁུ་རུ་སུ་ Rev Bill Crews ལགས་ནས་གསུངས་དོན། གུས་པར་མཚོན་ན་ལོ་མང་སྔོན་ནས་རྒྱ་གར་རྡ་རམ་ས་ལར་འགྲོ་མྱོང་ཡོད་ལ། ༸གོང་ས་མཆོག་དང་བློས་ཐུབ་ཀྱི་གྲོགས་པོའང་ཡིན། དེ་རིང་གུས་པའི་ལྷ་ཁང་དུ་༸གོང་ས་མཆོག་གི་དགོངས་བཞེད་དང་མཐུན་པའི་བྱམས་བརྩེའི་ལས་འགུལ་སྤེལ་ཏེ་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པར་དགའ་སྤྲོ་ཆེན་པོ་བྱུང་། ཁོང་གི་འཛམ་གླིང་སྤྱིའི་འགན་བཞེས་པའི་རླབས་ཆེའི་དགོངས་བཞེད་ལ་དུས་རྟག་ཏུ་ཡི་རངས་གུས་བརྩི་ཞུ་བཞིན་ཡོད་ལ། འཛམ་བུ་གླིང་འདིའི་སྒང་སྐྱེས་ཆེན་དམ་པ་མང་པོ་ཡོད་པའི་ནང་༸གོང་ས་ཏཱ་ལའི་བླ་མ་ཁོང་ལ་རྒྱབ་སྐྱོར་དང་མཐུན་འགྱུར་ཞུ་ཐུབ་པའི་བགོ་བསྐལ་བྱུང་ན་སོ་སོའི་གཟི་བརྗིད་ཡིན་སྟབས། མ་འོངས་པར་མུ་མཐུད་ལས་འགུལ་འདི་ལྟ་བུ་སྤེལ་ཐུབ་པའི་རེ་བ་ཞུས་ཀྱི་ཡོད་ཅེས་གསུངས།
དེ་རྗེས་དགེ་འདུན་པ་ཁག་ཅིག་གིས་སྣེ་འཁྲིད་འོག་བདེན་ཚིག་སྨོན་ལམ་གྱི་རྟ་དབྱངས་དང་། རྒྱལ་བའི་ཞབས་རིམ་སྨོན་ཚིག་ཁག་གསུང་འདོན་དང་སྦྲགས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་གྲུབ་རྗེས། ཁྱོན་མི་གྲངས་ ༥༠༠ ཙམ་ལ་བོད་མི་རང་གིས་བཟོས་པའི་བོད་ལུགས་ཞལ་ལག་སྦྱིན་པ་བཏང་བ་དང་། ཉིན་གུང་ཆུ་ཚོད་ ༡།༣༠ ཐོག་སི་ནི་དང་ཁེན་བྷེ་ར་བོད་རིགས་མཐུན་ཚོགས་ནས་ཞབས་བྲོ་ཁག་གཟིགས་འབུལ་གྲུབ་མཚམས། ཕྱི་ལུགས་ལྟར་འཁྲུངས་སྐར་སྒོང་བསྐལ་(Birthday Cake་)གཏུབ་བཅད་ཞུས་ཏེ་བགོ་འགྲེམས་དང་བཅས་འཁྲུངས་སྐར་སྲུང་བརྩིའི་བྱམས་བརྩེའི་ལས་འགུལ་རྒྱལ་ཁའི་ངང་གྲོལ་ཡོད། ཨོ་སི་ཊོ་ལི་ཡ་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁང་ནས། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༧ ཉིན་སྤེལ།།