༢༠༡༧ ཟླ་ ༧ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །རྒྱ་ནག་གི་ཆེས་གྲགས་ཅན་རང་དབང་མང་གཙོ་འཐབ་རྩོད་པ་དང་། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ལིའུ་ཞའོ་པོ་དམ་པ་མཆོག་རྒྱ་ནག་གི་བཙོན་ཁང་ནང་ཡུན་རིང་མནར་གཅོད་འོག་སྙུན་གཞི་ཚབས་ཆེ་ཕོག་རྐྱེན་ཕྱི་ཟླ་ ༧ ཚེས་ ༡༣ རེས་གཟའ་ཕུར་བུ་ཉིན་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༢༡ རེས་གཟའ་པ་སངས་ཕྱེད་ཡོལ་ཆུ་ཚོད་ ༤ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུ་རྒྱུ་ཡིན་འདུག
དེ་ཡང་དམ་པ་ཁོང་འདས་གྲོངས་སུ་གྱུར་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་རྒྱལ་སྤྱིའི་དབུ་ཁྲིད་ཁག་དང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ནས་ཐུགས་སྨོན་སྐྱབས་འཇུག་རྒྱ་ཆེ་གནང་ཡོད།
སྐུ་ཞབས་ལིའུ་ཞའོ་པོ་དམ་པ་ཁོང་ནི་རྒྱ་མི་རིགས་ཁོ་ནའི་ཆེད་རང་དབང་དང་མང་གཙོའི་ཐོབ་ཐང་དོན་གཉེར་གནང་མཁན་ཞིག་མིན་པར། བོད་ཀྱི་གནད་དོན་ཐོག་ལའང་སེམས་ཁུར་ཆེན་པོ་གནང་མཁན་ཞིག་ཀྱང་ཡིན་ཞིང་། ལྷག་པར་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོར་རྒྱ་ནག་གཞུང་ནས་དྲག་གནོན་ཚབས་ཆེ་བྱེད་སྐབས། ཁོང་དང་ཝང་ལི་ཞུང་སོགས་རྒྱ་མི་ཤེས་ཡོན་ཅན་ ༣༠ ཙམ་ནས་རྒྱ་གཞུང་ལ་བོད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པའི་དོན་ཚན་བཅུ་གཉིས་ཅན་གྱི་ཞུ་སྙན་ཞིག་ཕུལ་བ་མ་ཟད།
ཁོང་གི་རྩོམ་ཡིག་གྲགས་ཅན། ང་ལ་དགྲ་བོ་མེད། ཅེས་པ་དེས་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དཀྱེལ་ཆེ་གུ་ཡངས་ཀྱི་དགོངས་བཞེད་དེས་དམ་པ་ཁོང་ལ་ཤུགས་རྐྱེན་གཏིང་ཟབ་ཅིག་ཐེབས་ཡོད་པ་གསལ་པོར་རྟོགས་ཐུབ། ཁོང་གི་རྩོམ་ཡིག་མང་པོའི་ནང་དུ་བོད་ཀྱི་གནད་དོན་གསལ་དགོས་ན་དང་ཐོག་བོད་མི་ངོ་ཤེས་དགོས་པ་དང་། བོད་མི་ངོ་ཤེས་པ་དགོས་ན་དང་ཐོག་བོད་ཀྱི་རིག་གཞུང་ངོ་ཤེས་པ་བྱས་ཏེ་དེར་བརྩི་བཀུར་ཞུ་ཤེས་པ་ཞིག་དགོས། གལ་སྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་གུས་བརྩི་ཞུ་མི་ཤེས་ན། བོད་ཀྱི་རིག་གཞུང་མི་ཤེས་པའི་མཚོན་རྟགས་ཡིན་ལ། བོད་ཀྱི་གནད་དོན་ཐག་གཅོད་ཡོང་བའི་རེ་བའང་ཆུང་། ཞེས་སོགས་རྒྱ་མིའི་སྤྱི་ཚོགས་ནང་བོད་དང་བོད་མིའི་ཐོག་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་པའི་རྩོམ་ཡིག་དང་གཏམ་བཤད་སོགས་མང་པོ་ཞིག་སྤེལ་མྱོང་ཡོད།།