༢༠༡༧ ཟླ་་༧ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ལོའི་ཟླ ༧ ཚེས་ ༡༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་རྡ་སར་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་བརྒྱུད་ཐེ་ལྦན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ ༡༤ དང་། ཉིན་རྒྱབ་ཆུ་ཚོད་ ༢།༠༠ པར་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་འཛམ་གླིང་ཚོགས་པའི་སྣེ་འཁྲིད་འོག་ཕྱི་རྒྱལ་མཐོ་སློབ་ཁག་འདྲ་མིན་གྱི་སློབ་གཉེར་བ་ཁག་གཅིག་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཱཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་འཚམས་འདྲི་དང་སྦྲགས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། ལོ་གཅིག་ནང་གྲོས་ཚོགས་ཚོགས་དུས་གཉིས་ཀྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་སྐོར།
དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་བོད་ཀྱི་འདས་པའི་བྱུང་རབས་ལོ་རྒྱུས་སྙིང་བསྡུས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཙམ་མ་ཟད། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འདྲ་མིན་ཁག་ངོ་སྤྲོད་དང་། གཞན་ཡང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་མའི་བྱུང་རིམ་སྐོར་ངོ་སྤྲོད་གནང་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་སོ་སོའི་ལས་དོན་གནང་ཕྱོགས་དང་དཔལ་འབྱོར་ཡོང་ཁུངས་སོགས་ཀྱི་སྐོར་ངོ་སྤྲོད་གནང་གྲུབ་མཚམས་སློབ་ཕྲུག་རྣམ་པར་བོད་དང་རྒྱ་ནག་ནང་གི་དངོས་ཡོད་གནས་ཚུལ་ལ་དོ་སྣང་དང་གོ་རྟོགས་ཡོད་པའི་ཐོག་ནས་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་ཐབས་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག་པ་བཅས།།