༢༠༡༧ ཟླ་ ༧ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཨའེ་ཡེམ་ IM རོགས་ཚོགས་ཀྱི་རོགས་དངུལ་མཐུན་རྐྱེན་འོག་དཔལ་ལྡན་བཀའ་ཤག་སྐབས་ ༡༥ པའི་ལྔ་དང་ལྔ་བཅུའི་སྲིད་བྱུས་དགོངས་དོན་བོད་མིའི་སྒྲིག་འཛུགས་ཡར་རྒྱས་ལས་འཆར་དང་འབྲེལ་བའི་ལས་གཞི་དེ་བཞིན། དཔལ་འབྱོར་ལས་ཁུངས་ཀྱི་སྒྲིག་འཛུགས་སྲ་བརྟན་ལས་འཆར་འདི་ཟླའི་ཚེས་ ༢༡ ནས་ ༢༦ བར་ཉིན་དྲུག་རིང་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་དབུ་བཞུགས་ཐོག་དཔལ་འབྱོར་ལས་ཁུངས་ཀྱི་སྲི་ཞུ་བ་ཚང་མས་མཉམ་ཞུགས་གནང་ཡོད།
དེ་ཡང་ཉིན་དང་པོ་དང་གཉིས་པ་གངས་སྐྱིད་ཕྱི་ལོགས་དང་དེ་འཕྲོས་གཉའ་ཁྲི་ཚོགས་ཁང་དུ་ཚོགས་ཡོད། དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་ལས་འཆར་དབུ་འབྱེད་ཀྱི་བཀའ་སློབ་གནང་སྐབས། བོད་མིའི་སྒྲིག་འཛུགས་ཡར་རྒྱས་ལས་འཆར་འདི་བཞིན་ཤིན་ཏུ་གལ་ཆེ་དང༌། ད་ལྟའི་བཀའ་ཤག་གི་ལྔ་དང་ལྔ་བཅུའི་མཛད་བྱུས་དགོངས་གཞི་ཆེ་གྲས་ཤིག་ཡིན་པར་བརྟེན་ཚང་མས་ཆ་ཤས་ལེན་དགོས་སྐོར་གསུང་ཡོད།
ལས་འཆར་འདིའི་དམིགས་ཡུལ་གཙོ་བོ་ནི། འབྱུང་འགྱུར་མ་འོངས་ལོ་ ༥ དང་ ༥༠ ནང་རོགས་ཚོགས་ཁག་ལ་མུ་མཐུད་བརྟེན་མི་དགོས་པར་བོད་མིའི་སྒྲིག་འཛུགས་འདི་རང་ཁ་རང་གསོ་ཡོང་ཐབས་སུ་དཔལ་འབྱོར་ལས་ཁུངས་ཀྱི་འདས་པའི་ལོ་རྒྱུས་ལ་གཞིར་བཞག་གིས་དཔལ་འབྱོར་འདུ་འགོད་གསོག་འཇོག་གི་འཆར་སྣང་གཙོ་བོར་བཟུང་སྟེ་དངོས་སུ་ལག་བསྟར་ཐུབ་པའི་དཔལ་འབྱོར་འདུ་འགོད་ཀྱི་ལས་འཆར་སྤེལ་ཕྱོགས་དང་། ལས་ཁུངས་ཀྱི་ནུས་པ་དང་མཐུན་རྐྱེན་རྣམས་ཚད་ལྡན་བེད་སྤྱོད་ཀྱིས་ལམ་ནས་དཔལ་འབྱོར་འདུ་འགོད་དང་འབྲེལ་བའི་ལས་འཆར་བཟོ་འགོད། ལས་འཆར་བཟོ་འགོད་དང་འབྲེལ་བའི་ལས་བྱེད་རེ་རེ་ནས་བསམ་ཚུལ་བསྡུ་རུབ་དང་ནུས་པ་མཉམ་སྤུང་གིས་བཀའ་ཤག་གི་དགོངས་གཞི་ལྟར་དཔལ་འབྱོར་ལས་ཁུངས་སྲ་བརྟན་ལས་འཆར་ཁག་གོ་བསྡུར་ལྷུག་པོ་ཞུས་ཡོད།
ད་རེས་ཀྱི་ལས་འཆར་འདིའི་ནང་ཁྱད་ལས་མི་སྣ་ལྔ་ཡིས་རྒྱུས་སྟོན་མཐུན་འགྱུར་གནང་ཡོད་པ་མ་ཟད་མཁས་པའི་གསུང་བཤད་ལེ་ཚན་ཞིག་ཀྱང་གོ་སྒྲིག་གནང་ཡོད་པ་བཅས།།