༢༠༡༧ ཟླ་ ༧ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དང་ཟུང་འབྲེལ་ཐོག་ནས་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་མ་དངུལ། ཞེས་པའི་ལས་འཆར་ཞིག་གསར་དུ་ལག་བསྟར་བྱས་ཏེ་ཉེ་སྔོན་གསལ་བསྒྲགས་སྤེལ་བའི་དགོངས་དོན། སྒྱུ་རྩལ་དང་རིག་གཞུང་གི་མ་དངུལ་རོགས་རམ་ཞུ་མཁན་ཚོགས་སྒེར་ཁོངས་ནས་རོགས་རམ་བྱ་ཡུལ་འདེམས་སྒྲུག་བྱེད་པའི་ངོ་གཏུགས་འདྲི་གླེང་དེ་རིང་རྡ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བསྐོང་ཚོགས་གནང་ཞིང་། དེར་མཉམ་ཞུགས་གནང་མཁན་ཚོགས་སྒེར་ཁག་ ༢༨ བྱུང་བ་དང་། འདྲི་གླེང་གནང་མཁན་མི་སྣ་ལྔ་ཡོད་པ་རྣམས་ནི་ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་དང་། ཕྱི་དྲིལ་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའིི་འགན་འཛིན་སྐལ་རྡོར་ལགས། ཟློས་དགེ་བློ་བཟང་བསམ་གཏན་ལགས། རྩོམ་པ་པོ་བུ་ཆུང་བསོད་ནམས་ལགས་བཅས་ཡིན་འདུག
བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་མ་དངུལ་གྱི་ལས་འཆར་དེ་ནི་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་མ་ཟད་དེང་རབས་བོད་ཀྱི་སྒྱུ་རྩལ་གོང་འཕེལ་སྲ་བརྟན་ཡོང་ཐབས་ལ་དམིགས་ཏེ་བོད་ཀྱི་རིག་གཞུང་དང་། སྐད་ཡིག སྒྱུ་རྩལ་ཐོག་ཞབས་འདེགས་ཞུ་མཁན་ནམ་ལས་འཆར་འདྲ་མིན་སྤེལ་མཁན་ཚོགས་སྒེར་ཁག་ལ་རོགས་དངུལ་སྦྱོར་སྤྲོད་བྱ་རྒྱུ་ཡིན་པ་དང་། ཟླ་འདིའི་ཚེས་ ༢༥ ཉིན་སོ་སོའི་ལས་འཆར་འདེམས་ཐོན་བྱུང་མིན་སོགས་ཀྱི་བརྡ་འབྲེལ་བྱ་རྒྱུ་ཡིན་པ་བཅས། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༩ ལ།།