ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༣༠ རེས་གཟའ་སྤེན་པ་ཉིན་ཐེ་སྡོད་བོད་རིགས་ཚོགས་པ་དང་། ཐེ་ཝན་བོད་ཀྱི་ས་གནས་གཞོན་ནུ་བཅས་ནས་གཙོ་འགན་བཞེས་པ་དང་། ཐེ་ཝན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དྲུག་ནས་གཞོགས་འདེགས་གནང་སྟེ་རྒྱལ་གཅེས་པ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་བདུན་ཚིགས་དང་པོ་དེ་ཐེ་ཝན་རང་དབང་ཐང་ཆེན་དུ་སྨོན་ལམ་གསུང་འདོན་གོ་སྒྲིག་གནང་སོང་།
དེ་ཉིན་ཕྱི་དྲོ་ཆུ་ཚོད་བདུན་པའི་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་རྗེས་ལས་རིམ་དབུ་འཛུགས་གནང་བ་དང་། བོད་རིགས་ཚོགས་པའི་ཚོགས་གཙོ་ནས་ལས་འགུལ་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་སོགས་ངོ་སྤྲོད་གནང་རྗེས། ཐོག་མར་སྐུ་མགྲོན་གྱི་གཙོ་བོ་ཐེ་ཝན་གྲོས་ཚོགས་འཐུས་མི་ལྕམ་གཡུས་མེ་ཉུལ་(Yu Mei Nu) ལགས་ཀྱིས་གསུང་དོན། བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་སྙིང་སྟོབས་ལ་གུས་བརྩི་ཞུ་འོས་པ་ཞིག་དང་། ཁོང་གིས་རྒྱ་ནག་གཞུང་ནས་བོད་ནང་རིག་གཞུང་རྩ་མེད་བཟོ་བའི་སྲིད་བྱུས་སོགས་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་གི་ཐབས་ལམ་ལ་བརྟེན་ནས་རང་གི་ལུས་སྲོག་བློས་གཏོང་གནང་བར་ང་ཚོ་ཡིད་སྐྱོ་བ་ཞིག་བྱུང་ཞེས་སོགས་གསུངས།
ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གཙོ་བོ་ནན་བཤད་གནང་དོན། བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་པཱ་ལགས་ཀྱིས་གསུང་བཤད་གནང་བའི་ནང་དོན་དེ་ང་ཚོ་བོད་མི་གང་མང་མང་གིས་ཉན་ཐུབ་རྒྱུ་དང་། ཤེས་ཐུབ་རྒྱུ་དེ་གལ་ཆེན་པོ་ཡིན་སྐོར་དང་། བོད་མི་གཞོན་སྐྱེས་ཚོས་གསོན་པོར་གནས་ཏེ་བོད་དོན་ཐོག་མུ་མཐུད་དཀའ་ལས་བརྒྱབ་དགོས་པའི་འབོད་སྐུལ་གནང་།
དེ་རྗེས་ཐེ་ཝན་གྲོས་ཚོགས་འཐུས་མི་ལྕམ་གུ་ལཱ་སི་(Kolas)ཡིས་གསུང་དོན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཐོག་ནས་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་རང་ལུས་མེར་སྲེག་གནང་བའི་གསར་འགྱུར་མཐོང་སྐབས་སེམས་ནང་ཧ་ཅང་གིས་སྐྱོ་པོ་བྱུང་། དེ་རིང་འདིར་བོད་མི་ཚོས་དྲག་ཆར་རླུང་འཚུབ་ཁྲོད་ཁོང་ལ་མྱ་ངན་ཞུ་བའི་ལས་འགུལ་སྤེལ་བའི་སྙིང་སྟོབས་ལ་ང་རང་ནི་ཐེ་ཝན་གྱི་གདོད་མའི་མི་རིགས་ཀྱི་སྐུ་ཚབ་མཚོན་པའི་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས་མིག་དཔེ་བལྟ་དགོས་པ་འདུག་ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་བོད་རིགས་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་སོགས་ཀྱི་གསུང་བཤད་གྲུབ་རྗེས་བླ་སྤྲུལ་དགེ་བཤེས་རྣམ་པས་སྨོན་ལམ་གསུང་འདོན་དང་མར་མེའི་ཁྲོམ་སྐོར་གནང་སྟེ་མཛད་སྒོ་མཇུག་སྒྲིལ།
དེ་ཉིན་ཐེ་ཝན་ནང་དྲག་ཆར་རླུང་འཚུབ་ཀྱི་གནམ་གཤིས་ཧ་ཅང་སྡུག་པོ་ཡིན་ཡང་། ཐེ་སྡོད་བོད་མི་སེར་སྐྱ་མི་མང་དང་། བོད་དོན་རྒྱབ་སྐྱོར་གནང་མཁན་སོགས་མི་གྲངས་བརྒྱ་སྐོར་ཙམ་ཞིག་མཉམ་འཛོམས་ཐོག་རྒྱལ་གཅེས་པ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་བདུན་ཚིགས་དང་པོ་སྲུང་བརྩི་ཞུས་གནང་ཡོད་པ་བཅས།།