༢༠༡༧ ཟླ་ ༧ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །ཉི་ཧོང་རྒྱལ་ས་ཊོག་ཡོར་རྟེན་གཞི་བྱས་པའི་སྐུ་ཚབ་དོན་ཁང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༢ བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་འདུག སྐབས་དེར་༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང་ཁོང་གི་སྐུ་ཟླ་བཀའ་ཟུར་བསྟན་པ་ཚེ་རིང་ལགས་སོགས་ཁྱོན་སྐུ་མགྲོན་མི་གྲངས་ ༡༧༠ ཙམ་མཉམ་ཞུགས་གནང་འདུག སྐུ་མགྲོན་ཁྲོད་ཉི་ཧོང་གྲོས་ཚོགས་འཐུས་མི་དང་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན། དེ་བཞིན་ས་གནས་བོད་རིགས་དང་ཉི་ཧོང་མི་རིགས་བཅས་ཡོད།
ཐོག་མར་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱིས་༸སྐུའི་འཁྲུངས་སྐར་དུས་ཚིགས་ཁྱད་པར་ཅན་དང་སྟབས་བསྟུན་འཚམས་འདྲི་ཞུས་པ་མ་ཟད། ཉི་ཧོང་ཡུལ་མི་ཚོས་བོད་མི་དང་བོད་ཀྱི་བདེན་པའི་འཐབ་རྩོད་ལ་ལྷག་བསམ་ཟོལ་མེད་ཐོག་ནས་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུས།
དེ་བཞིན་མཛད་སྒོའི་ཐོག་༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ང་རང་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༢ བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་མཛད་སྒོར་བཅར་ཐུབ་པ་ཧ་ཅང་དགའ་ཚོར་བྱུང་། ང་ཚོས་༸རྒྱལ་བ་རིན་པོ་ཆེའི་༸སྐུའི་འཁྲུངས་སྐར་དུས་ཆེན་ནམ་ཡིན་སྐབས་ལྷན་འཛོམས་བྱེད་བཞིན་ཡོད། ལྷན་འཛོམས་བྱས་པ་ཙམ་མིན་པར་དེ་ཉིན་༸གོང་ས་མཆོག་གིས་སྩལ་གནང་མཛད་པའི་ཡ་རབས་བཟང་སྤྱོད་དང་སེམས་བཟང་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་དེ་དག་ཡིད་ལ་དྲན་གསོ་ཞུ་བཞིན་ཡོད། ཅེས་སོགས་གསུང་རྗེས་༸གོང་ས་མཆོག་གིས་འགྲོ་བ་མིའི་ནང་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་གནང་མཛད་རྒྱུ། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཡོང་ཐབས་མཛད་བཞིན་པའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་གྱི་སྐོར་གསུང་བཤད་གནང་།
ཕྱོགས་མཚུངས་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་མོ་དེ་ནི་བོད་མི་ཚོར་ཉིན་མོ་ཁྱད་པར་བ་ཞིག་ཡིན་པ་ཙམ་དུ་མ་ཟད། དྲང་བདེན་དང་འཚེ་མེད་ཞི་བ། བྱམས་བརྩེའི་རིན་ཐང་ལ་བརྩི་བཀུར་ཞུ་མཁན་ཚང་མར་དེ་རིང་གི་ཉིན་མོ་འདི་དམིགས་བསལ་བ་ཞིག་ཆགས་ཡོད། ༸གོང་ས་མཆོག་ནི་བོད་མི་ས་ཡ་དྲུག་ཙམ་མ་ཟད། འཛམ་གླིང་ས་ཕྱོགས་ཀུན་ཏུ་འཚེ་མེད་ཞི་བ་དང་བྱམས་བརྩེའི་མཚོན་རྟགས་ཤིག་ཀྱང་ཆགས་ཡོད།
བྱམས་བརྩེ་ངོ་མ་ཟེར་བ་དེ་ནི་གཞན་ལ་ཕར་ཕན་བཏགས་ན་གཞན་གྱིས་ཚུར་བཟང་ལེན་སློག་རྒྱུ་རེད་བསམས་པའི་རེ་བ་མི་བྱེད་མཁན་ཞིག་དགོས། ཞེས་གསུང་རྗེས་སྔ་མོ་སྐབས་ཤིག་༸གོང་ས་མཆོག་རྒྱ་གར་རྒྱལ་ས་ལྡི་ལིའི་ཕེབས་ལམ་དུ་མཛེ་ནད་ཕོག་པའི་སྐྱེས་བུ་མང་པོ་ཞིག་གཟིགས་རྗེས་ཉིན་གཅིག་ནད་པ་དེ་དག་ཡོད་སར་ཆིབས་སྒྱུར་བསྐྱངས་ནས་མཛེ་ནད་ཚོར་ཕྱག་གི་རེག་པ་དང་། མཛེ་ནད་ཕོག་པ་རྣམས་ཀྱི་ལག་པ་༸གོང་ས་མཆོག་གིས་བཟུང་ནས་བྱམས་སྐྱོང་མཛད་པའི་ལོ་རྒྱུས་སོགས་དྲན་གསོ་ཞུས།
མཛད་སྒོའི་ཐོག་ཨོ་སི་ཊོ་ལི་ཡ་ནས་ཕེབས་པའི་བོད་མི་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་ནས་བོད་ཀྱི་སྲོལ་རྒྱུན་གྱི་གཞས་སྣ་གཟིགས་འབུལ་ཞུས་ཡོད་པ་བཅས།།