༢༠༡༧ ཟླ་ ༦ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༦ ཉིན་ཕྱི་ལུགས་ལྟར་དགུང་གྲངས་ ༨༢ བཞེས་རྒྱུ་ཡིན་སྟབས། ཡུ་རོབ་སྦར་སེལ་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་༸སྐུའི་འཁྲུངས་སྐར་དུས་ཆེན་སྔ་སྣུར་ཐོག་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་ཡང་ཡུ་རོབ་གྲོས་ཚོགས་ཀྱི་ཉེ་འགྲམ་དུ་ཀོན་སཌ་ནོ་བེལ་ Concert Noble ཞེས་པའི་ཚོགས་ཁང་ནང་དུ་མཛད་སྒོ་སྲུང་བརྩི་ཞུ་སྐབས་ཡུ་རོབ་གྲོས་ཚོགས་འཐུས་མི་བཅུ་ལྷག་དངོས་སུ་བཅར་བ་མ་ཟད། གྲོས་ཚོགས་འཐུས་མི་གཞན་ ༡༥ སྐུ་ཚབ་འཐུས་མི་བཏང་ནས་མཛད་སྒོར་བཅར་འདུག གཞན་ཡང་སྐབས་དེར་གཞུང་ཚབ་ཁག་གི་ལས་བྱེད་མི་སྣ་དང་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ ༦༠ བརྒལ་བ་ཚང་འཛོམས་བྱུང་འདུག
དེ་ཡང་མཛད་སྒོའི་ཐོག་མར་མེ་ཏོག་རིན་པོ་ཆེ་མཆོག་དང་བླ་མ་བཟོད་པ་བཅས་ཀྱིས་དབུ་ཁྲིད་ནས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་འཕྲིན་སྐུལ་གསོལ་འདེབས་སོགས་གསུང་བསྟུན། སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་དུས་ཆེན་ངོ་སྤྲོད་སྙིང་བསྡུས་ཤིག་གནང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩོན་མཛད་བཞིན་པའི་༸སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་གྱི་སྐོར་དང་། མགོན་པོ་གང་ཉིད་མཆོག་གིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ཀྱི་འཆར་སྣང་ལ་རྒྱབ་སྐྱོར་དང་ཡི་རང་བསྔགས་བརྗོད་རྒྱ་ཆེ་མཛད་བཞིན་ཡོད་པ་རྣམས་ངོ་སྤྲོད་ཞུས་པ་དང་སྦྲགས། ང་ཚོས་མགོན་པོ་གང་ཉིད་མཆོག་གིས་འཆམ་མཐུན་དང་ཞི་བདེ་བག་ཕེབས་ལྡན་པའི་འཛམ་གླིང་སྤྱི་ཚོགས་ཤིག་སྐྲུན་རྒྱུར་ཐུགས་བརྩོན་མཛད་བཞིན་པ་དེར་དབུ་འོག་དཔུང་འདེགས་ཞུ་དགོས་པ་དང་། དེང་སྐབས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་བརྟན་པོ་མེད་པ་དང་། དུས་ནས་དུས་སུ་ཆབ་སྲིད་ཀྱི་རྣམ་འགྱུར་དང་ལངས་ཕྱོགས་བརྗེ་བཞིན་པའི་གནས་སྟངས་འདི་ནི་ཧ་ཅང་སེམས་འཚབ་བྱེད་དགོས་པའི་གནས་སྟངས་གཙོ་བོ་ཡིན་སྐོར་གསུངས།
ཕྱོགས་མཚུངས་ཡོ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐོ་མ་སི་མན་ Thomas Mann མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་ལས་བསྡོམས་སྙིང་བསྡུས་ཤིག་དང་ཡུ་རོབ་གྲོས་ཚོགས་བོད་དོན་དང་འབྲེལ་བའི་ལས་འགུལ་ཇི་སྤེལ་ངོ་སྤྲོད་གནང་བ་མ་ཟད། ཡུ་རོབ་གྲོས་ཚོགས་ཀྱིས་མུ་མཐུད་བོད་དོན་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས།
དེ་ཡང་མཛད་སྒོ་གོ་སྒྲིག་གནང་ཕྱོགས་ཐད་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་མོལ་ལེ་སི་ཀོཊ་ཀ་ཊོ་ Molly Scott-Cato མཆོག་གིས་གསུང་དོན། ངོས་རང་མཛད་སྒོ་མང་པོར་བཅར་མྱོང་ཡོད། འོན་ཀྱང་སྣེ་ལེན་མཛད་སྒོ་འདི་ལྟ་བུ་བརྗིད་ཆགས་པོ་དང་གྲ་སྒྲིག་པོ་མཐོང་མྱོང་མེད། དེར་བརྟེན་ང་རང་འདིར་བཅར་རྒྱུ་བྱུང་བར་དགའ་སྤོབས་སྐྱེས་བྱུང་།
ཕྱོགས་མཚུངས་སྐུ་ཚབ་དོན་ཁང་དང་ཡུན་རིང་གྲོགས་འདྲིས་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཀར་ལོ་ལེ་སིག་ Mr Carlo Luyckx ལགས་ཀྱིས་གསུང་དོན། ད་བར་མཛད་སྒོ་མང་པོའི་ནང་མཉམ་ཞུགས་གནང་མྱོང་ཡོད་ཀྱང་། ཐེངས་འདིར་སྐུ་ཚབ་དོན་གཅོད་ཀྱི་གསུང་བཤད་དེ་ཡག་ཤོས་ཤིག་མཐོང་བྱུང་།
རྒྱ་གར་ནང་གི་སྦེལ་ལམ་གཞུང་ཚབ་པ་ཟུར་པ་སྐུ་ཞབས་པེར་རེ་ཝ་སེན་ Mr Pierre Vaesen མཆོག་གིས་མཛད་སྒོའི་ཐོག་༸གོང་ས་མཆོག་༸སྐུ་ཚེ་ཡུན་དུ་བརྟན་ཅིང་ཐུགས་བཞེས་ཡོངས་རྫོགས་འགེགས་མེད་ལྷུན་འགྲུབ་ཡོང་བ་དང་། འཛམ་གླིང་ཁྱོན་དུ་བོད་དོན་རྒྱབ་སྐྱོར་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་ཞུས་འདུག་པ་བཅས།།