ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢ རེས་གཟའ་པ་སངས།
༄༅། །ཉེ་ཆར་གསར་འཛུགས་གནང་བའི་སུ་ཝེ་ཌེན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་དང་། སུ་ཝེ་ཌེན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཀྱི་མཐུན་འགྱུར་འོག་བོད་དོན་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་འདུག
དེ་ཡང་བགྲོ་གླེང་ཚོགས་འདུའི་སྐབས་སུ་ཝེ་ཌེན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་མར་གྷ་རེ་ཊ་ Margareta Cederfelt ལགས་ཀྱིས་གཙོས་ཆབ་སྲིད་ཚོགས་པ་ཁག་གི་སྐུ་ཚབ་གྲོས་ཚོགས་འཐུས་མི་བརྒྱད་དང་། དེ་བཞིན་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Carl Schlyter ལགས། གུ་ཡངས་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Tina Acketoft ལགས་སོགས་གྲོས་ཚོགས་འཐུས་མི་བདུན་དང་། སུ་ཝེ་ཌེན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Mattias Björnerstedt ལགས་ཀྱིས་གཙོས་ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་བ་དང་སུ་ཝེ་ཌེན་ཁུལ་གྱི་བོད་མི་བཅས་མཉམ་ཞུགས་གནང་ཡོད།
སྐབས་དེར་ཡུ་རོབ་དང་ལྷོ་ཨ་ཕི་རི་ཀའི་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་རྣམ་གཉིས་ཀྱིས་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་བར་གྲོས་ཚོགས་འཐུས་མི་རྣམས་སེམས་འགུལ་ཧ་ཅང་ཐེབས་ཏེ་བོད་དོན་ཐོག་རྒྱབ་སྐྱོར་གནང་འདུན་ཡོད་སྐོར་དང་། བོད་དོན་རྒྱབ་སྐྱོར་གནང་ཕྱོགས་སྐོར་ལམ་སྟོན་ཡོང་སྐོར་གསུང་པར། སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་རྣམ་གཉིས་ཀྱིས་གྲོས་ཚོགས་འཐུས་མི་རྣམས་ནས་ཕྱག་སྦྲེལ་གྲོས་ཚོགས་འཐུས་མི་དང་ལྷན་བོད་དོན་སྐོར་གླེང་མོལ་དང་གྲོས་ཚོགས་ནང་བོད་དོན་སྐོར་གླེང་སློང་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད།
གཞན་ཡང་སུ་ཝེ་ཌེན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་མར་གྷ་རེ་ཊ་ལགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ལེགས་གྲུབ་བྱུང་བར་ཧ་ཅང་དགའ་ཚོར་བྱུང་སྐོར་དང་། གྲོས་ཚོགས་འཐུས་མི་རྣམས་བགྲོ་གླེང་ཚོགས་འདུར་ཕེབས་ཏེ་བོད་དོན་ཐོག་གདུང་སེམས་མཉམ་སྐྱེ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། །