༢༠༡༧ ཟླ་ ༦ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༦ རེ་གཟའ་ཟླ་བའི་ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གཙོས་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་དང་། ཀུན་ཕན་ཚོགས་པ་བཅས་ཐུན་མོང་ནས་རྒྱལ་སྤྱིའི་མྱོས་རྫས་ལང་ཤོར་ཉིན་མོ་དང་བསྟུན་རྡ་སྟེང་དང་རྡ་ཤོད། སུ་ཇ། གྷོ་པལ་པུར་བོད་ཁྱིམ། ཤེས་རབ་དགའ་ཚལ་སློབ་གླིང་། ཅོན་ཏཱ་ར་བོད་ཁྱིམ་དང་སྃ་བྷོ་ཌ་སོགས་རྡ་སའི་ཉེ་འཁྲིས་སུ་ཡོད་པའི་སློབ་གྲྭ་ཁག་བརྒྱད་ཙམ་དང་། དེ་བཞིན་རྡ་ས་ཁུལ་གྱི་མི་མང་ཁག་གཅིག་བཅས་རྡ་ས་མེ་གྷན་གཙུག་ལག་ཁང་གསུམ་མདོ་ནས་འགོ་འཛུགས་ཀྱིས་ཕོ་ས་གྷན་ཇི་བརྒྱུད་བོད་ཁྱིམ་ལག་ཤེས་བཟོ་གྲྭ་ནས་ཚུར་མེ་གྷན་གསུམ་མདོ་བརྒྱུད་གཙུག་ལག་ཁང་བར་རྒྱང་རྒྱུག་འགྲན་བསྡུར་ཞིག་གོ་སྒྲིག་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཚོུད་ ༩ ཐོག་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་དབུས། རྡ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་དང་། ཀུན་ཕན་ཚོགས་པའི་འགན་འཛིན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས། འབྲེལ་ཡོད་ལས་བྱེད། རྒྱང་རྒྱུགས་པ། མི་མང་བཅས་འདུ་འཛོམས་ཀྱིས་ཐོག་མར་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་གཞི་རྩའི་བོད་པའི་སྤྱི་ཚོགས་འདི་བཙན་བྱོལ་བའི་གནས་བབ་ཀྱི་ཐོག་ནས་སྤྱི་ཚོགས་གཞན་དང་བསྡུར་ན་ཆུང་ཆུང་ཡིན་ནའང་། སྤྱི་ཚོགས་ཀྱི་མི་འབོར་དང་མྱོས་རྫས་ལང་ཤོར་དུ་སོང་བའི་གྲངས་ཀ་གཉིས་བརྒྱ་ཆ་ལ་ཕབ་ནས་བལྟས་ན་སེམས་འཚབ་སྐྱེ་གཞི་དང་། དོ་སྣང་བྱེད་དགོས་པའི་གནས་བབ་ཅིག་ཆགས་ཀྱི་ཡོད།
བཀའ་ཤག་རིམ་པས་གནད་དོན་དེའི་ཐོག་ཐུགས་འགན་བཞེས་པའི་ཐོག་ནས་ད་བར་འབད་བརྩོན་རབ་དང་རིམ་པ་བྱས་ཡོད་པ་ལྟར། ད་ལྟའང་འབད་བརྩོན་བྱེད་གཞིའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། མྱོས་རྫས་ལང་ཤོར་གྱི་དཀའ་ངལ་དེ་བོད་མིའི་སྒྲིག་འཛུགས་གཅིག་པུས་སེལ་ཐུབ་པ་ཞིག་མིན་སྟབས། ཕྱོགས་བཞི་མཚམས་བརྒྱད་ནས་དོ་སྣང་དང་། གོ་རྟོགས་སྤེལ་རྒྱུ། སྔོན་འགོག་གི་ཆེད་དུ་གཞན་ལ་མྱོས་རྫས་ལོངས་སུ་མི་སྤྱོད་པའི་བསྐུལ་མ་དང་། ལམ་སྟོན་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ནད་རིགས་སྤྱི་མཚུངས་བཞིན་མྱོས་རྫས་ལང་ཤོར་སྔོན་འགོག་གི་ལམ་ནས་ཉུང་འཕྲི་བྱེད་རྒྱུ་ལས་སླ་སྟབས། སློབ་གསོ་དང་ལམ་སྟོན་སོགས་ཀྱི་ཐོག་ལ་ཚང་མས་འགན་འཁུར་དགོས།
ནད་རིགས་གང་ཡིན་ཡང་རྩ་མེད་བཟོ་བའི་ཐབས་ལམ་གལ་ཆེ་ཤོས་སྔོན་འགོག་གི་ཐབས་ལམ་ཆགས་ཡོད་སྟབས། དེ་རིང་འདིར་ནད་རིགས་སྔོན་འགོག་གི་རྒྱང་རྒྱུག་འགྲན་བརྡར་གོ་སྒྲིག་ཞུས་པ་དང་། མྱོས་རྫས་བེད་སྤྱོད་བྱེད་པ་དེས་མྱོས་རྫས་སྤྱོད་མཁན་གང་ཟག་ཙམ་དུ་མ་ཟད་ནང་མི་དང་། སྤྱི་ཚོགས་ཚང་མ་འཕྲོ་བརླག་གཏོང་གི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
མཐར་འཕྲོད་བསྟེན་བཀའ་བློན་མཆོག་གིས་རྒྱང་རྒྱུག་ཁྲོད་ཨང་དང་པོ་ནས་ལྔ་བའི་བར་དང་། རྒྱང་རྒྱུགས་འགྲན་ནང་མཉམ་ཞུགས་བྱེད་མཁན་ལོ་རྒན་ཤོས་རྡ་སར་གནས་སྡོད་སྐལ་བཟང་སྟོབས་རྒྱལ་ལགས་དང་། ལོ་ན་ཆུང་ཤོས་ཨ་རི་ནས་ཡིན་པའི་འོད་ཟེར་འཇམ་དབྱངས་ལགས་གཉིས་ལ་སེམས་གསོའི་བྱ་དགའ་ཧིན་སྒོར་ ༥༠༠ རེ་གནང་། ཐེངས་འདིའི་རྒྱང་རྒྱུག་ནང་སློབ་ཕྲུག་ ༡༠༥ དང་། མི་མང་ ༢༢ ཙམ་འཛུལ་ཞུགས་བྱས་ཡོད་པའི་ཁྲོད་བུ་རྩེ་ཕུད་ ༥ དང་། བུ་མོ་རྩེ་ཕུད་ ༥ ལ་རིམ་བཞིན་བྱ་དགའ་ཧིན་སྒོར། ༨༠༠༠ དང་། ༦༥༠༠། ༥༠༠༠། ༣༠༠༠། ༢༠༠༠ བཅས་གནང་ཡོད། །