ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་རྒྱ་རིགས་ཀྱི་ཚོོགས་པ་ཁག་གཅིག་ཐུན་མོང་ནས་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༦ ཉིན་ནིའུ་ཡོག་གི་རྒྱ་མིའི་གྲོང་ཁྱེར་ Flushing དུ་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ ༢༨ འཁོར་བའི་དྲན་གསོའི་ཚོགས་འདུ་ཞིག་ཚོགས་ཤིང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་གདན་ཞུས་ལྟར་ཚོགས་འདུར་མཉམ་ཞུགས་གནང་སྟེ་གསུང་བཤད་གནང་སྐབས། བོད་ཀྱི་གཞོན་སྐྱེས་མི་རབས་ཚོས་ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ ཚེས་ ༡༠ ཉིན་བོད་ནང་གསུམ་བཅུའི་སྒེར་ལངས་བྱུང་བའི་གལ་ཆེའི་ལོ་རྒྱུས་དུམ་བུ་བརྗེད་མེད་ཅིང་། རྒྱ་ནག་གི་གཞོན་སྐྱེས་མི་རབས་ཚོས་ཀྱང་དྲུག་བཞིའི་དོན་རྐྱེན་བརྗེད་མེད་པའི་ཡིད་ཆེས་ཡོད་ཅེས་གསུང་པ་དང་འབྲེལ།
གོ་སྐབས་འདི་བརྒྱུད་མང་གཙོ་དོན་གཉེར་གནང་མཁན་རྒྱ་རིགས་གྲོགས་པོ་ཚང་མས་ཕན་ཚུན་མཉམ་རུབ་དང་། ཐུང་མོང་གི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། རྒྱ་ནག་མང་གཙོར་འགྱུར་བའི་ལས་དོན་གྱི་ཆེད་དུས་ཚོད་གཏོང་ཐུབ་དགོས་པ། དེ་རིང་དྲན་གསོའི་ཚོགས་འདུ་ཚར་རྗེས་ཆུའི་ནང་རྡོ་དབྱུགས་པ་ལྟར་མིན་པར་དུས་རྒྱུན་དུ་རྒྱ་ནག་མང་གཙོའི་ལས་དོན་ལ་སེམས་ཁུར་བྱེད་དགོས་པ། རྒན་རབས་ཚོས་རྒྱ་རིགས་གཞོན་སྐྱེས་ཚོར་དྲུག་བཞིའི་ལོ་རྒྱུས་མ་བརྗེད་པ་བྱེད་དགོས་པའི་བསླབ་བྱ་གནང་དགོས་པའི་རེ་འབོད་གནང་ཡོད།
ཐེངས་འདིའི་དྲན་གསོའི་ཚོགས་འདུར་རྒྱ་རིགས་ ༢༠༠ ཙམ་མཉམ་ཞུགས་གནང་ཡོད་པ་དང་། དྲན་གསོའི་ཚོགས་འདུ་དེ་ནི་པེ་ཅིང་གྱི་དཔྱིད་ཀ་ཞེས་པའི་དུས་དེབ་ཁང་དང་། མང་གཙོ་དོན་གཉེར་བྱེད་མཁན་ཚོགས་པ་ཁག་གཅིག་ཐུང་མོང་ནས་གོ་སྒྲིག་བྱས་པ་ཞིག་རེད། །