༢༠༡༧ ཟླ་ ༦ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་ཟུང་དྲུང་བྱམས་པ་ཕུན་ཚོགས་ལགས་བཅས་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༤ ཉིན་ལ་དྭགས་རྒྱལ་ས་སླེའི་གནམ་ཐང་དུ་ཕེབས་འབྱོར་སྐབས་ལ་སྤྱི་དང་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་མཆོག དེ་བཞིན་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། དེ་རྗེས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་སྤྱི་ཁང་དུ་གོང་བརྗོད་མི་སྣས་གཙོས་གྲོང་སྡེའི་བརྒྱ་དཔོན་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་འཐུས་མི་བཅས་ཚང་འཛོམས་ཐོག་ཕེབས་བསུའི་མཛད་སྒོ་སྟབས་བདེ་ཞིག་གོ་སྒྲིག་ཞུས།
མཛད་སྒོ་གྲུབ་བསྟུན་བཀའ་བློན་མཆོག་གཞིས་ཆགས་ལས་ཁུངས་དང་། ས་གནས་གྲོས་ཚོགས། རང་བདེན་ཚོགས་ཆུང་གི་ལས་ཁུངས། དེ་བཞིན་ས་གནས་བོད་མིའི་འཕྲོད་བསྟེན་ལས་ཁུངས་དང་སྨན་ཁང་། མཉམ་སྦྲེལ་ལས་ཁུངས་དང་ཚོང་ཁང་བཅས་སུ་འཚམས་གཟིགས་གནང་། ཕྱེད་ཡོལ་དུ་བཀའ་བློན་མཆོག་ལྕོག་ལམ་སར་ཁུལ་དུ་རྟེན་གཞི་བྱས་པའི་དགོན་སྡེ་གྲྭ་ཚང་དང་ལྷ་ཁང་སོགས་ནང་མཆོད་མཇལ་ཞུས་པ་མ་ཟད། ཁུལ་དེར་ས་ཆ་ཁག་གཅིག་བདག་གཅེས་ཐོག་ཡར་རྒྱས་བཏང་དགོས་པ་རྣམས་ལ་གཟིགས་ཞིབ་གནང་། དེ་རྗེས་རྒྱལ་ས་སླེ་རུ་བོད་མི་སུད་ཚོང་བའི་ཁྲོམ་སར་གཟིགས་ཞིབ་གནང་འདུག
ཕྱི་ཉིན་ཏེ་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༥ སྔ་དྲོ་བཀའ་བློན་མཆོག་དང་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་བྱམས་པ་ཕུན་ཚོགས་ལགས། ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས། ས་གནས་གྲོས་ཚོགས་འཐུས་ནོར་བུ་རྡོ་རྗེ་ལགས། བྱང་ཐང་འབྲེལ་མཐུད་པ་དཔན་གྲུབ་རྒྱལ་པོ་ལགས་བཅས་སླེ་ནས་བྱང་ཐང་དུ་ཐོན་རྗེས་བྱང་ཐང་ས་གནས་བོད་མི་འབྲོག་པ་རྣམས་ཀྱི་འཚོ་བའི་དཀའ་ངལ་ལ་གསན་ཞིབ་གནང་བ་དང་སྦྲགས། འབྲོག་པའི་དཀའ་ངལ་དེ་དག་སེལ་ཐབས་ཆེད་ལམ་སྟོན་སློབ་གསོ་དང་དགོས་ངེས་རོགས་རམ་ལས་གཞི་ཁག་དུས་ཐོག་ལག་བསྟར་ཐུས་སྒོ་ཚང་བ་གནང་རྒྱུའི་ཁས་ལེན་ཡང་གནང་འདུག
ཐེངས་འདིར་འཕྲོད་བསྟེན་བཀའ་བློན་མཆོག་གིས་བཀའ་ཤག་གི་ལྡ་དང་ལྔ་བཅུའི་སྲིད་བྱུས་དང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་དོན་སྤེལ་ཕྱོགས་སྐོར་མང་ཚོགས་ལ་གོ་རྟོགས་ལེགས་པར་སྤེལ་འདུག ཕྱོགས་མཚུངས་བཀའ་བློན་མཆོག་གིས་ཕྱི་ཚེས་ ༢༢ ཉིན་ལ་དྭགས་སླེ་རྫོང་དཔོན་དང་ཉེན་རྟོག་རུ་དཔོན། དེ་བཞིན་ལ་དྭགས་ནང་པའི་ཚོགས་པའི་ཡན་ལག་གཞོན་ནུ་ཚོགས་པ་བཅས་ཀྱི་ལས་ཁུངས་སུ་བཅར། ཉིན་གུང་བཀའ་བློན་མཆོག་ནས་ལྕོག་ལམ་སར་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ཚང་འཛོམས་ཐོག་སློབ་གྲྭའི་ཚོགས་ཁང་ནང་དུ་མྱོས་རྫས་ངན་གོམས་རིགས་ལ་སྤྱོད་མི་རུང་བ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་ལ་དོ་སྣང་དང་། བོད་ཀྱི་སྐད་ཡིག་དང་རིག་གནས་ལ་དོ་སྣང་བྱེད་ནས་སློབ་ཕྲུག་མིག་དཔེ་འོས་པ་ཞིག་བྱེད་དགོས་པའི་ལམ་སྟོན་གསུང་བཤད་གནང་།
ཕྱི་ཚེས་ ༢༣ ཉིན་སླེའི་གནམ་ཐང་དུ་སྐུ་ཞབས་ཨིན་དི་རེཤ་ཀུ་མཱར་ Shri Indresh Kumar མཆོག་དང་རྒྱ་གར་གྱི་སྲིད་འཛིན་འོས་མིའི་གྲས་སུ་གཏོགས་པ་སྐུ་ཞབས་རཱམ་ནཐ་ཀོ་ཝིནྡ་ Shri Ram Nath Kovind མཆོག དེ་བཞིན་ནང་སྲིད་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་བཅས་དང་མཇལ་འཕྲད་གནང་འདུག