༢༠༡༧ ཟླ་ ༦ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༥ ནས་ ༡༧ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག རྡ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་རྒྱ་གར་ནང་གི་མཐོ་རིམ་སློབ་གཉེར་ཁང་ཁག་ ༢༥ ཙམ་ནང་འགྲིམ་བཞིན་པའི་བོད་པའི་སློབ་ཕྲུག་གྲངས་ ༦༨ ལ་བོད་མིའི་ན་གཞོན་འགོ་ཁྲིད་ཟབ་སྦྱོང་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༡༥ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཞོན་སྐྱེས་རྣམས་ལ་བོད་དང་འགོ་ཁྲིད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། སྤྱི་ཚོགས་སྤྱི་ཡོངས་ནང་གཞོན་སྐྱེས་ཚོའི་མི་ཚེའི་མདུན་ལམ་ཐད་གང་བྱེད་དགོས་མིན་དང་། མི་ཚེའི་མདུན་ལམ་ཡག་པོ་ཡོད་དང་མེད། ཅེས་སྤྱི་ཡོངས་ནས་བཀའ་མོལ་མང་པོ་གནང་བཞིན་འདུག ང་ཤེས་རིག་ལས་ཁུངས་ལ་ཡོད་པའི་སྐབས་བཀའ་ཤག་ནས་ཁྱེད་རང་ཚོའི་མི་ཚེའི་མདུན་ལམ་ཧ་ཅང་གསལ་པོ་ཡོད་རེད། གང་བྱེད་དགོས་རེད་ཅེ་ན། འགོ་ཁྲིད་བྱེད་དགོས་རེད། འགོ་ཁྲིད་བྱེད་དགོས། ཞེས་བརྗོད་སྐབས་ཁྱེད་རང་ཚོ་ངེས་པར་དུ་ཆབ་སྲིད་པ་བྱོས་ཟེར་གྱི་མེད། འགོ་ཁྲིད་བྱེད་དགོས་ཟེར་དུས་གཞིས་ཆགས་ནང་ལ་མཚོན་ན། བརྒྱ་དཔོན་དང་བཅུ་དཔོན་ལྟ་བུ་དང་། དེ་བཞིན་ཁོར་ཡུག་ཐོག་ལས་འགུལ་སྤེལ་རྒྱུར་འགོ་ཁྲིད་ཐུབ་མཁན་དང་། ཕྱོགས་མཚུངས་སྤྱི་ཚོགས་ནང་གི་ལས་རིགས་འདྲ་མིན་ཐོག་འགོ་ཁྲིད་ཐུབ་མཁན་ཞིག་དང་། ཆོས་དང་རིག་གཞུང་། སྐད་ཡིག་ཐོག་ལ་ཆ་མཚོན་ནའང་འགོ་ཁྲིད་ཐུབ་མཁན་དགོས། ཞེས་པའི་དོན་ཡིན།
ཁྱེད་ཚོའི་ཁྲོད་ནས་མ་འོངས་པར་སྲིད་སྐྱོང་ཐོན་ཐུབ་པ་དགོས་པ་མ་ཟད། བཀའ་བློན་དང་། དྲུང་ཆེ། སྲི་ཞུ་བ་ཚུན་ཁྱེད་ཚོའི་ནང་ནས་ཐོན་དགོས། དེར་བརྟེན་འཛིན་རིམ་བཅུ་པའི་སློབ་ཕྲུག་ཚོ་ལ་ཟབ་སྦྱོང་ཞིག་གནང་བཞིན་ཡོད། སྤྱིར་འཛིན་རིམ་བཅུ་པའི་སྐབས་ལ་འགོ་ཁྲིད་ཟབ་སྦྱོང་འདི་ཐོབ་པ་ཡིན་ན་ཕན་ཐོགས་གང་ཡོད་ཅེ་ན། ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་དང་ལམ་སྟོན་ཆ་ཚང་རྟོགས་པའི་ཐོག་ནས་ཚན་རིག་དང་ཚོང་རིག སྒྱུ་རྩལ་གང་བྱེད་ཀྱི་ཡིན་པའི་ཐོག་ཐག་གཅོད་དགོས།
བོད་པ་ཡིན་པར་བརྟེན་མ་འོངས་པར་འགོ་ཁྲིད་ཆགས་དགོས་ཀྱི་ཡོད། སྒྲིག་འཛུགས་དེ་འདྲ་ཞིག་ཡོད་རེད་ཅེས་ཆ་ཚང་ངོ་སྤྲོད་གནང་། མཐོ་སློབ་ཏུ་སླེབ་ཡོང་སྐབས་བསྐྱར་དུ་འགོ་ཁྲིད་བྱེད་དགོས་རེད་ཅེས་བཞུགས་སྒར་རྡ་རམ་ས་ལར་ཁྱེད་ཚོ་མགྲོན་འབོད་བྱེད་དགོས་དོན་ནི་བོད་མིའི་སྒྲིག་འཛུགས་བདག་པོ་བརྒྱག་ཏུ་ཡོང་དགོས་ཞེས་བརྗོད་ཀྱི་ཡོད། བདག་པོ་བརྒྱག་ཏུ་ཡོང་དགོས་ཅེས་ཟེར་དུས་སྲི་ཞུ་བ་བྱེད་དགོས་ཀྱི་ཡོད། སྤྱི་འཐུས་དང་དྲུང་ཆེ་བྱེད་དགོས་ཀྱི་ཡོད། བཀའ་བློན་གནང་དགོས་ཀྱི་ཡོད། སྲིད་སྐྱོང་གནང་དགོས་ཀྱི་ཡོད། དེ་དང་འབྲེལ་བའི་གཞུང་འབྲེལ་མིན་པའི་ཚོགས་པ་ཧ་ཅང་མང་པོ་ཡོད་པ་དེ་དག་ནང་ལ་ཆ་ཤས་བླང་ནས་འགན་འཁྱེར་བ་ཡིན་ནའང་འགོ་ཁྲིད་རེད། གཞིས་ཆགས་ནང་ལའང་འགོ་ཁྲིད་བྱེད་ནའང་འགྲིག གཞིས་ཆགས་མེད་ཅེས་གཞིས་ཆགས་ཕྱི་ལའང་ཚན་རིག་དང་ཚོང་རིག་ཐོག་ལ་ཡིན་ནའང་འགོ་ཁྲིད་མཁན་དགོས་ཀྱི་འདུག ཟབ་སྦྱོང་ཐོག་འགྲོ་སོང་ཕོན་ཆེན་པོ་བཏང་བའི་དམིགས་ཡུལ་གཙོ་བོ་འདི་རེད།
དེ་ནས་འགོ་འཁྲིད་ཟེར་ན་གང་འདྲ་ཞིག་རེད་ཅེ་ན། གསར་གཏོད་པ། དབང་ཚད་ལྡན་པ། ལས་འགུལ་བ་བཅས་དགོས། དཔེར་ན་བོད་དོན་དང་འབྲེལ་བའི་ཐོག་ལས་འགུལ་ཆུང་ཚགས་འདྲ་མིན་སྤེལ་མཁན་རྣམས་ལ་ལས་འགུལ་བ་ཞུ་བ་དང་། དབང་ཚད་ལྡན་པའི་འགོ་འཁྲིད་ནི་དཔེར་ན་དགེ་རྒན་ལ་སོགས་པ་ལྟ་བུ། སྒང་ལ་བསྡད་ནས་བཀའ་གཏོང་མཁན་རྣམས་ལ་ཞུ་བ་དང་། ངའི་སེམས་ལ་འཇུག་ཤོས་ནི་གསར་གཏོད་པ་ཡིན།
གསར་གཏོད་ཅན་གྱི་འགོ་འཁྲིད་ཞེས་པ་ནི་ཐབས་ཤེས་དང་དམིགས་ཡུལ་ཡོད་པའི་ཐོག་མི་མང་དང་མཉམ་དུ་གོ་བསྡུར་དང་བསམ་ཚུལ་བསྡུ་ལེན་གྱིས་བཟང་ངན་དབྱེ་འབྱེད་དང་རྒྱུ་མཚན་རྙེད་པའི་ཐོག་ནས་ཚང་མ་མཉམ་དུ་འཁྲིད་ཐུབ་པ་བཟོ་བ་ནི་གསར་གཏོད་འགོ་འཁྲིད་ཀྱི་ལས་འགན་ཡིན། བསམ་ཚུལ་བསྡུ་ལེན་མ་བྱེད་པར་ཐག་གཅོད་ནས་འགྲོ་བ་ཡིན་ན་ལས་དོན་སྒྲུབ་ངེས་རེད། འོན་ཀྱང་ཆ་ཚང་བ་དང་ནུས་པ་དང་ལྡན་པ་ཞིག་བསྒྲུབ་ཐུབ་ཀྱི་མ་རེད། སྔོན་མ་དྲག་པོའི་སྟོབས་ཤུགས་ hard power ཡོང་གི་ཡོད། རྗེས་སུ་འཇམ་པོའི་སྟོབས་ཤུགས་ soft power ཞེས་རིག་གཉིས་ཐོག་ནས་ཡོང་གི་ཡོད། དེ་ལས་ལྷག་འཛམ་རྩུབ་སྟོབས་ཤུགས་གཉིས་ཀར་གཅིག་ཏུ་བསྡུ་ཐུབ་མཁན་གྱི་བློ་གྲོས་ལྡན་པའི་སྟོབས་ཤུགས་ Smart power ཡིན་པ་དང་། འདི་ལ་འགོ་འཁྲིད་མཁན་དེ་ཡང་བློ་གྲོས་ཅན་ smart leader ཞིག་དགོས། རྣམ་དཔྱོད་བེད་སྤྱོད་བྱེད་པའི་ཐོག་ནས་དམག་མི་དང་རྒྱུ་ནོར་མེད་ནའང་འགོ་འཁྲིད་ཐུབ་མཁན་ཞིག་ལ་ཟེར་གྱི་ཡོད། མདོར་ན་འགོ་འཁྲིད་ཟེར་བ་ལ་འཆར་སྣང་དང་འཆར་གཞི་ལག་ལེན་འཁྱེར་ཐུབ་མཁན་ཞིག་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད། །