༢༠༡༧ ཟླ་ ༦ ཚེས་ ༡༨ རེས་གཟའ་ཉི་མ།
༄༅། །འཇར་མན་སྲིད་འཛིན་ཟུར་པ་སྐུ་ཞབས་ཧེལ་མེ་ཊི་ཀོལ་ Chancellor Helmut Kohl མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་ཁོང་གི་སྐུ་ཟླ་མེ་ཀི་ཀོལ་ Mrs. Maike Kohl-Richter མཆོག་དང་རྗེས་ཤུལ་རྣམས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་དམ་པ་ཁོང་ནི་ཕུགས་རྒྱང་རིང་པོར་དགོངས་བཞེས་གནང་ཐུབ་མཁན་གྱི་དབུ་ཁྲིད་མཁས་མཛངས་ལྡན་པ་ཞིག་ཡིན་ཞིང་།
འཛམ་གླིང་དམག་ཆེན་གཉིས་པའི་རྗེས་གྲང་དམག་རིམ་བཞིན་མཇུག་སྒྲིལ་ནས་འཇར་མན་ཤར་ནུབ་གཉིས་རྒྱལ་ཁབ་གཅིག་ཏུ་ཟླ་བསྒྲིལ། དུས་སྐབས་དེའི་རིང་དམ་པ་ཁོང་གིས་ཆོད་སེམས་བརྟན་པོས་ཡུལ་དེའི་སྲིད་འཛིན་ཐོག་ལས་དོན་གང་ཅིར་བབས་ལྷིང་བརྟན་གསུམ་ཐོག་ནས་དབུ་ཁྲིད་རྒྱུན་སྐྱོང་གནང་བ་དེར་ངོས་ཀྱིས་ཡི་རངས་བསྔགས་བརྗོད་ཧ་ཅང་ཞུ་བཞིན་ཡོད།
དམ་པ་ཁོང་ལྟར་ངོས་རང་ཉིད་ཀྱང་སྤྱིའི་ཁེ་ཕན་ཆེད་རྒྱལ་ཁབ་སྒེར་གྱི་ཁེ་ཕན་བློས་གཏོང་བྱ་རྒྱུའི་ཀུན་སློང་འོག་བཙུགས་པའི་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ལ་བསྔགས་བརྗོད་ཞུ་མཁན་ཞིག་ཡིན། སྒྲིག་འཛུགས་དེས་འདས་པའི་མི་ལོ་ ༦༠ ལྷག་རིང་ཞི་བདེ་དང་འཆམ་མཐུན་གྱི་ཁོར་ཡུག་འོག་ཡུ་རོབ་ཁྱོན་དུ་ཡར་རྒྱས་ཧ་ཅང་བཏང་ཐུབ་ཡོད།
དེར་བརྟེན་ང་ཚོས་དམ་པ་ཁོང་ལྟ་བུའི་རླབས་ཆེན་དབུ་ཁྲིད་རྣམས་ལ་ཆེ་བསྟོད་ཞུ་རྒྱུའི་ཐབས་ལམ་མཆོག་ནི། ཁོང་རྣམ་པའི་ཐུགས་ཀྱི་འཆར་སྣང་དེ་དག་བསྒྲུབ་ཐུབ་པ་བྱ་རྒྱུ་དང་། མ་འོངས་མི་རབས་གསར་པ་རྣམས་ལ་སྙིང་སྟོབས་སྤེལ་ནས་ཆིག་སྒྲིལ་དང་སྟོབས་ཤུགས་ཀྱི་མཚོན་རྟགས་སུ་གྱུར་བ་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་མི་ཉམས་རྒྱུན་གནས་ཡོང་ཐབས་བྱ་རྒྱུ་དེ་ཡིན། ཞེས་འཁོད། །
༼ གསུང་འཕྲིན་ངོ་མ་ཨིན་ཡིག་ནང་ཡོད་པ་ནས་བོད་སྒྱུར་ཞུས་པས་ཨིན་ཡིག་དེར་རྩ་འཛིན་ཡོང་བ་ཞུ། ༽