༢༠༡༧ ཟླ་ ༥ ཚེས་ ༢༠ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ རྒྱ་གར་རྒྱལ་ས་ལྡི་ལིར་ Constitution Club of India ཞེས་པའི་ཚོགས་ཁང་དུ་འཕགས་བོད་ལྷན་ཚོགས་ Indo-Tibet Summit-2017 ཐོག་སྐུ་མགྲོན་གཙོ་བོར་མགྲོན་འབོད་ལྟར་ཕེབས་ནས་གསུང་བཤད་གནང་འདུག ལྷན་ཚོགས་གོ་སྒྲིག་གནང་མཁན་ལྷོ་དང་ཤར་ཨེ་ཤི་ཡའི་ཐེབས་རྩ་ཁང་ South and East Asia Foundation ཡིན་འདུག དེ་ཡང་ལྷན་ཚོགས་སྐབས་འཕགས་བོད་གཉིས་དབར་དཔལ་འབྱོར་གྱི་འབྲེལ་ལམ་དང་། ཆོས་དང་རིག་གཞུང་གི་མཚུངས་ཆོས། རྒྱ་གར་གྱི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ཁོར་ཡུག་ཁྲོད་༸གོང་ས་མཆོག་གི་གལ་གནད། རྒྱ་ནག་གི་དབང་བསྒྱུར་འོག་བོད་མིའི་མངོན་འདོད་བསྒྲུབ་ཐབས་དང་། གདོང་ལེན་བྱེད་དགོས་པའི་གནད་དོན། རྒྱ་གར་ནང་གི་བོད་མི་བཙན་བྱོལ་བ་རྣམས་ཀྱི་གནས་སྟངས་སྐོར་གཏམ་བཤད་དང་བགྲོ་གླེང་གནང་འདུག
སྐབས་དེར་སྲིད་སྐྱོང་མཆོག་གིས་ཧིན་སྐད་ཐོག་ནས་རྒྱ་ནག་གཞུང་གི་བོད་ནང་དུ་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པར་བརྟེན་བོད་མི་རྣམས་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ སོགས་རྩ་བ་ནས་མེད་པ་དང་། ཉེ་ལམ་རྒྱལ་སྤྱིའི་རྟོག་ཞིབ་ཚོགས་པ་རང་དབང་ཁང་པ་ Freedom House ཞེས་པས་ཕྱི་ལོ་ ༢༠༡༧ ལོའི་སྙན་ཐོ་བཏོན་པའི་ནང་འཛམ་གླིང་ནང་དམ་བསྒྲགས་ཆེ་ཤོས་གཉིས་པ་དེ་བོད་ནང་ཡིན་སྐོར་བཀོད་ཡོད་སྐོར་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱལ་ནང་གི་བདེ་འཇགས་སྲུང་ཆེད་མཐའ་མཚམས་སྐྱོང་དགོས་སྐོར་བཤད་པ་ལྟར། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་དང་དྲག་གནོན་ཇི་ཙམ་བྱེད་ཀྱང་རྒྱལ་ ནང་གི་བདེ་འཇགས་དང་འཆམ་མཐུན་སྐྲུན་ཆེད་ཡིན་སྟབས་ཁྲིམས་མཐུན་གྱི་ཆོག་མཆན་ཡོད་པ་ལྟ་བུར་བརྩི་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་ ༡༤༧ ལྷག་གི་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དབང་སྒྱུར་དང་དམ་བསྒྲགས་བྱེད་བཞིན་པར་ཞི་རྒོལ་གནང་ཡོད་སྐོར་དང་།
རྒྱ་གར་གཞུང་མང་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བོད་མི་བཙན་བྱོལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་མུས་ལ་སྲིད་སྐྱོང་མཆོག་གིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་རྗེས་དྲན་ཞུས་འདུག
ཐེངས་འདིའི་ལྷན་ཚོགས་སྐབས་གསུང་བཤད་གནང་མཁན་ཁོངས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་པྲི་ཡངྐ་སིངྒ་རཱཝཏ་ Smt. Priyanka Singh Rawat མཆོག་དང་རྒྱ་གར་རྒྱལ་ཡོངས་དྭངས་བླངས་ཞབས་ཞུ་ཚོགས་པ་ཨར་ཨེ་སི་ཨེ་སི་ཚོགས་མི་སྐུ་ཞབས་ཨིནྡརེཤ་ཀུམཱར་ Sh. Indresh Kuma མཆོག གསར་འགོད་པ་གྲགས་ཅན་ཝི་ཇཱ་ཡ་ཀྲཱནྟི་ Sh. Vijay Kranti ལགས་སོགས་ཡོད་འདུག་པ་བཅས།།