༢༠༡༧ ཟླ་ ༥ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཕྱི་ལོ་ ༢༠༡༧ ལོ་འདི་ཉིད་བོད་དོན་ལས་འགུལ་གྱི་ལོ་དང་བོད་མི་གནས་སྡོད་ས་ཁུལ་ཁག་ཏུ་བསྐོར་བསྐྱོད་གནང་རྒྱུའི་ལོར་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་སྔོན་སོང་ལྟར། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༢ ནས་ ༢༤ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ཌལ་ཧོར་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་སླད་ཕེབས་འབྱོར་སྐབས་ཌལ་ཧོར་བོད་མིའི་ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
ཕྱི་ཚེས་ ༢༣ ཉིན་བཀའ་བློན་མཆོག་གིས་ས་གནས་མང་ཚོགས་རྣམས་ལ་སྐབས་ ༡༥ བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཐབ་བྱུས་སྐོར་དང་། གཞིས་ཆགས་སྲ་བརྟན་སླད་ལས་གཞི་སྣ་མང་སྤེལ་བཞིན་ཡོད་པའི་སྐོར། དེ་བཞིན་རྒྱ་གར་གཞུང་ནས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ དང་དེའི་དགེ་མཚན་སྐོར་ངོ་སྤྲོད་གནང་དོན། སྲིད་བྱུས་འདི་ནི་རྒྱ་གར་གཞུང་གིས་བཙན་བྱོལ་བོད་མི་རྣམས་ལ་གཏན་འབེབས་གནང་བའི་སྲིད་བྱུས་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད།
སྲིད་བྱུས་འདིའི་འོག་ནས་བཙན་བྱོལ་བོད་མི་རྣམས་རྒྱ་གར་ནང་མུ་མཐུད་སྐྱབས་བཅོལ་ངང་གནས་ཆོག་པ་ཙམ་དུ་མ་ཟད། བོད་མི་བཙན་བྱོལ་བ་རྣམས་ཀྱི་བདེ་དོན་ཆེད་མཐུན་འགྱུར་རོགས་རམ་ཇི་ལྟར་གནང་དགོས་པའི་ལམ་སྟོན་རྣམས་གསལ་པོར་འཁོད་ཡོད། དཔེར་ན་ས་ཞིང་བོགས་གཏོང་གནང་ཕྱོགས་དང་། དབུས་སའི་གཞུང་གི་རོགས་སྐྱོབ་ལས་གཞི་ཇི་འདྲ་ཞིག་བོད་མི་བཙན་བྱོལ་བ་རྣམས་ལ་ཐོབ་ཐང་ཡོད་མེད། རང་གི་མཁས་ལས་པའི་ཤེས་ཡོན་རྒྱབ་ལྗོངས་གཞི་ལ་བཞག་ནས་ལས་རིགས་ཇི་འདྲ་ཞིག་དོན་གཉེར་བྱེད་ཆོག་པའི་ཐོབ་ཐང་སོགས་འཁོད་ཡོད། ཅེས་གསུང་བ་མ་ཟད།
དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ། གྲུབ་འབྲས་བཅས་ཀྱི་སྐོར་དང་། ཤེས་ཡོན་གྱི་གལ་གནད། བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་གཏན་འབེབས་གནང་ཕྱོགས་ཀྱི་བྱུང་རིམ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༢ ཉིན་བཀའ་ཤག་གིས་ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་བོད་ཀྱི་བུད་མེད་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་གནང་ཡོད་སྐོར། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་དང་འབྲེལ་བའི་གནད་དོན་སྐོར་སོགས་ཀྱང་ངོ་སྤྲོད་གནང་།
གཞན་ཡང་ས་གནས་བོད་རིགས་ཚོས་ཡུལ་མི་དང་ལྷན་མཐུན་ལམ་ལེགས་པོ་ཡོད་པར་བསྔགས་བརྗོད་གནང་བ་མ་ཟད། མུ་མཐུད་རྒྱུན་སྐྱོང་བྱེད་དགོས་སྐོར་དང་། ཡུལ་ཁྲིམས་ལ་བརྩི་བཀུར་ཞུ་དགོས་པ་ཧ་ཅང་གལ་ཆེ་ཡིན་སྐོར་སོགས་གསུངས། གསུང་བཤད་གྲུབ་མཚམས་ཌལ་ཧོར་ཁུལ་གྱི་བོད་མིའི་སྡོད་སྒར་ཁག་ལ་འཚམས་གཟིགས་དང་མང་ཚོགས་ཀྱི་དཀའ་ངལ་ཞུ་གཏུག་ལ་གསན་ཞིབ་གནང་ཡོད་པ་བཅས།།