ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་ནས་ཌལ་ཧོར་ཕུན་ཚོགས་གླིང་ས་གནས་འཐུས་ཚོགས་སྐབས་ ༥ པའི་གསར་འདེམས་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱི་ལས་འཁུར་དམ་འབུལ་ཡོང་བའི་ཞུ་སྐུལ་འབྱོར་དོན་ལྟར། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ཀྱི་མདུན་དུ་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༢ ཉིན་ཌལ་ཧོར་ས་གནས་འཐུས་ཚོགས་སྐབས་ལྔ་པའི་ཚབ་གསར་ཚོགས་གཙོ་ཕུར་བུ་དགྲ་འདུལ་ལགས་དང་། ཚབ་གསར་ཚོགས་གཞོན་ཚེ་དཔག་ལགས་གཉིས་ནས་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག
ས་འཐུས་དམ་འབུལ་གྱི་བྱེད་སྒོ་དང་སྟབས་བསྟུན། གོང་ཚེས་ཉིན་རྒྱབ་ཆུ་ཚོུད་ ༢༌༣༠ ཐོག་ས་གནས་ཁྲིམས་ཞིབ་པས་ཌལ་ཧོར་ས་གནས་བཟོ་གྲྭའི་ཚོགས་ཁང་དུ་སེར་སྐྱ་མི་མང་དང་། དགེ་ལས་སློབ་ཕྲུག་རྣམས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ངོ་སྤྲོད་དང་སྦྲགས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། བཅའ་ཁྲིམས་དགོངས་དོན་མང་གཙོ་ཀ་བ་གསུམ་སོ་སོའི་འགན་དབང་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་གཏུག་བཤེར་བྱ་རིམ། ཁྲིམས་ཁོངས་ཁྱབ་ཚད་སོགས་ཀྱི་གོ་རྟོགས་སྤེལ་བ་དང། སྐབས་མཚམས་དྲི་བ་ལ་ལན་འདེབས་གནང་འདུག་པ་བཅས།།