ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༩ ཉིན་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ཁང་ཚན་ནང་ཁུལ་གྱི་རིག་གཞུང་འཁྲབ་སྟོན་འགྲན་སྡུར་སྐབས་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ཤེས་རིག་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་དང་ཀརྨ་སེངྒེ་ལགས། རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཐུབ་བསྟན་རྡོ་རྗེ་ལགས། བོད་ཀྱི་སྨན་རྩིས་ཁང་གི་ངེས་སྟོན་པ་བཀྲ་ཤིས་ཚེ་རིང་ལགས། རྡ་ས་ཁུལ་གྱི་དགོན་སྡེ་ཁག་གི་སྐུ་ཚབ། དེ་བཞིན་རྡ་ཤོད་བོད་ཁྱིམ་གྱི་སློབ་སྤྱིས་གཙོས་དགེ་ལས་སློབ་ཕྲུག་རྣམས་འདུ་འཛོམས་ཀྱིས་ཐོག་མར་རྡ་ཤོད་བོད་ཕྲུག་ཁྱིམ་སྡེའི་སློབ་སྤྱིས་ཕེབས་བསུ་དང་འབྲེལ་ཁང་ཚན་ནང་ཁུལ་རིག་གཞུང་འཁྲབ་སྟོན་འགྲན་སྡུར་གོ་སྒྲིག་ཞུས་དགོས་དོན་གཙོ་བོ་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༢ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དགའ་སྟོན་སྲུང་བརྩི་ཞུ་བ་དང་། དེ་བཞིན་བོད་པའི་གཞོན་སྐྱེས་རྣམས་ལ་སོ་སོའི་རིག་གཞུང་ཐོག་དོ་སྣང་ཡོང་ཆེད་ཡིན་སྐོར་སོགས་ཀྱི་ངོ་སྤྲོད་ཞུས།
དེ་རྗེས་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་མཆོག་གིས་འགྲན་བསྡུར་གྱི་བྱ་དགའ་གནང་སྟེ། དགེ་སློབ་ཡོངས་ལ་བོད་མིའི་ངོ་བོ་སྲུང་སྐྱོབ་ཆེད་བོད་པའི་རིག་གཞུང་ནི་ཧ་ཅང་གལ་ཆེན་པོ་ཡིན་སྐོར་དང་། བོད་ཀྱི་སྐད་ཡིག་དང་བོད་བརྒྱུད་ནང་བསྟན་ནི་བོད་མིའི་ངོ་བོ་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་སྐོར། དེ་བཞིན་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་དང་བཟང་པོའི་རིན་ཐང་དེ་དག་ཧ་ཅང་གལ་ཆེན་པོ་ཡིན་སྟབས་སློབ་ཕྲུག་རྣམས་ནས་སློབ་གྲྭའི་སྐབས་སུ་ནས་དོ་སྣང་དང་སློབ་སྦྱོང་བྱེད་དགོས་སྐོར་སོགས་ནན་བརྗོད་གནང་ཡོད་པ་བཅས།།