༢༠༡༧ ཟླ་ ༥ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༧ ཉིན་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་ནས་ད་བར་མི་ལོ་ ༢༢ སོང་བར་བརྟེན་དུས་ཚིགས་འདི་རྗེས་དྲན་དང་སྦྲགས། ཁོང་མགྱོགས་མྱུར་རྒྱ་ནག་གཞུང་གི་དམ་བསྒྲགས་འོག་ནས་གློད་བཀྲོལ་ཡོང་སླད་གོང་ཚེས་ཉིན་ཕྱི་དྲིལ་ལས་ཁུངས་ནས། གར་སོང་ཆ་མེད་དུ་གྱུར་བའི་པཎ་ཆེན་རིན་པོ་ཆེ་མཆོག་དང་འབྲེལ་བའི་གནད་དོན་བཅུ། ཞེས་པའི་སྐར་མ་ ༤ ཅན་གྱི་གློག་བརྙན་ཞིག་འདོན་སྤེལ་ཞུ་རྒྱུ་ཡིན།
འདི་ག་ཕྱི་དྲིལ་ལས་ཁུངས་སུ་རྒྱ་གར་རྒྱལ་ཡོངས་ཀོངྒ་རེ་སི་ཆབ་སྲིད་ཚོགས་པའི་མགྲིན་ཚབ་པ་གནང་མུས་ཁྲིམས་རྩོད་པ་དང་རྩོམ་པ་པོ་སྐུ་ཞབས་ཨ་བྷི་ཤེག་སིངྒ་ཝི་ Dr. Abishek Singhvi མཆོག་ལ་བཅར་འདྲི་ཞུས་པའི་བརྙན་འཕྲིན་དཀོན་པོ་ཞིག་ཐོབ་ཡོད། བརྙན་འཕྲིན་འདིའི་ནང་ཁོང་གིས་གར་སོང་ཆ་མེད་དུ་གྱུར་བའི་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་གནད་དོན་ ༡༠ གསལ་འདོན་གནང་ཡོད། དེ་ཡང་གནད་དོན་ལྔ་ནི་རྒྱ་ནག་གཞུང་གིས་མུ་མཐུད་པཎ་ཆེན་རིན་པོ་ཆེ་མཆོག་དོ་དམ་བཀག་ཉར་བྱེད་བཞིན་པའི་གནས་སྟངས་སྐོར་དང་། རྒྱ་ནག་གཞུང་གིས་ཤེས་རྟོགས་དགོས་པའི་གནད་དོན་ལྔ་བཅས་ཡིན་འདུག
ཐེངས་འདིར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་ནས་ད་བར་མི་ལོ་ ༢༢ འཁོར་བའི་དུས་དྲན་ཉིན་མོ་དང་སྟབས་བསྟུན་ཕྱི་ཚེས་ ༡༦ ཉིན་ཇི་ནི་ཝ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་དང་དོན་ཁང་གི་རྒྱལ་ཚོགས་ཞུ་གཏུག་ལས་འགུལ་ཆེད་ཕྱག་ལས་གནང་མཁན་འབྲེལ་ཡོད་ལས་བྱེད་ཟླ་བ་ཚུལ་ཁྲིམས་ལགས་བཅས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་མི་སྣའི་ཐོག་དམིགས་བསལ་ཚོགས་ཆུང་གི་མི་སྣ་དང་ལྷན་པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་སྐོར་གླེང་སློང་གནང་འདུག
ཕྱི་ལོ་ ༡༩༩༥ ཕྱི་ཟླ་ ༥ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༠ པའི་ཡང་སྲིད་དུ་ངོས་འཛིན་མཛད་ནས་ཉིན་གསུམ་གྱི་རྗེས་ཏེ་ཕྱི་ལོ་ ༡༩༩༥ ཕྱི་ཟླ་ ༥ ཚེས་ ༡༧ ཉིན་ཁོང་དང་ཁོང་གི་ནང་མི་རྣམས་རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་རྐྱེན་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད། དེར་བརྟེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཛམ་གླིང་ནང་དུས་ཡུན་རིང་ཤོས་སུ་བཀག་ཉར་བྱེད་བཞིན་པའི་ཆབ་སྲིད་བཙོན་པ་ཞིག་ཆགས་ཡོད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་མི་སྣ་སོགས་དང་། ལྷག་པར་རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཚན་པ་སོགས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་གནས་སྟངས་ཇི་འདྲ་ཡོད་མེད་སྐོར་མང་ཚོགས་ལ་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་རེ་འདུན་ཐེངས་མང་བཏོན་པར་བརྟེན། ཕྱི་ལོ་ ༡༩༩༦ ཕྱི་ཟླ་ ༥ ནང་རྒྱ་ནག་གཞུང་གིས་ཐེངས་དང་པོར་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མི་རྣམས་སྲུང་སྐྱོབ་འོག་ཉར་ཡོད་ཚུལ་ཕྱིར་བསྒྲགས་བྱས་ཡོད།
ཕྱི་ལོ་ ༢༠༠༥ ཕྱི་ཟླ་ ༨ ནང་སྐབས་དེའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཚོགས་གཙོ་ལྕམ་སྐུ་ལུ་ཡི་སི་ཨར་བྷོར་ Louise Arbour མཆོག་རྒྱ་ནག་ནང་འཚམས་གཟིགས་སུ་ཕེབས་སྐབས་ཡུན་རིང་བཙོན་དུ་ལུས་པའི་ཆབ་སྲིད་བཙོན་པ་བཅུའི་མཚན་ཐེར་འདོན་གནང་བའི་ཁྲོད་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་མཚན་ཡང་འཁོད་ཡོད་འདུག
ཟླ་བ་གཅིག་གི་རྗེས་རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཚན་པས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་དེ་རྒྱལ་སྤྱིས་སེལ་ཐབས་བྱེད་བཞིན་པའི་གལ་གནད་ཆེ་བའི་གནད་དོན་ཁྲོད་ནས་གཅིག་ཡིན་པ་ཡོངས་གྲགས་ངོས་བཞེས་གནང་བ་དང་སྦྲགས། ཐོབ་ཐང་སྲུང་སྐྱོབ་ཀྱི་མཁས་ལས་མི་སྣ་མགྲོན་འབོད་ཐོག་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་རྟོག་ཞིབ་བྱེད་འཇུག་དགོས་པའི་རེ་འདུན་ཡང་བཏོན་ཡོད།
བཙན་དབང་འོག་གར་སོང་ཆ་མེད་དུ་སོང་བ་རྣམས་རྩད་ཞིབ་ཆེད་རྒྱལ་སྤྱིའི་དམིགས་བསལ་ལྷན་ཁང་ཞིག་ཡོད་པ་དེས་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༤ ཚེས་ ༨ ཉིན་ཡོངས་གྲགས་དྲིལ་བསྒྲགས་སྤེལ་བའི་ནང་། ཕྱི་ལོ་ ༡༩༩༥ ལོར་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༦ ལ་ཕེབས་སྐབས་གར་སོང་ཆ་མེད་དུ་གྱུར་ཡོད། རྒྱ་ནག་གཞུང་གིས་ཁོང་འཁྲིད་ནས་ཕྱིན་ཡོད་པ་ངོས་ལེན་བྱས་ཡོད། འོན་ཀྱང་ད་བར་ཁོང་གང་དུ་ཡོད་མེད་དང་ཁོང་གི་གནས་སྟངས་ཇི་ཡིན་ཐོག་གསལ་བཤད་མ་བྱེད་པར་མུ་མཐུད་གནས་བཞིན་ཡོད་སྟབས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དེ་བཙན་དབང་འོག་ནས་གར་སོང་མེད་པ་བཟོས་པའི་གནད་དོན་ཞིག་ལ་ངོས་འཛིན་མ་བྱེད་ཐབས་མེད་ཆགས་ཡོད།
ཕྱི་ལོ་ ༢༠༠༠ ལོར་ཨིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཨིན་རྒྱ་ཡུལ་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་བྱེད་སྐབས། རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེ་རེད་ཟེར་བའི་སྐུ་པར་གཉིས་བསྟན་ཡོད། གཅིག་ནང་ནག་པང་སྟེང་ཡི་གེ་འབྲི་བ་དང་། གཞན་དེའི་ནང་པིང་པོང་རྩེ་སྡོད་མཁན་པར་གཉིས་ཨིན་ཇིའི་དཔོན་རིགས་ལ་བསྟན་པ་ཙམ་ལས་པར་དེ་ཕུལ་མི་འདུག
ཕྱི་ལོ་ ༢༠༠༦ ལོར་ཁེ་ན་ཌའི་གཞུང་འབྲེལ་ལས་བྱེད་མཐོ་གྲས་ཤིག་བོད་ནང་དུ་ཕེབས་སྐབས་རྒྱ་ནག་གཞུང་ལ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་དང་གནས་སྟངས་ཇི་ཡོད་སྐོར་ནན་གྱིས་ཞིབ་རྩད་གནང་བར་དེར་ཡ་ལན་རྩ་བ་ནས་བྱེད་མེད།
ཕྱི་ལོ་ ༢༠༡༠ ལོར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་པདྨ་འཕྲིན་ལས་ཁོ་པས་བཤད་དོན། ད་ཆ་བོད་རིགས་མི་དམངས་སྤྱི་བྱིངས་ལྟར་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀྱང་རྒྱུན་གྱི་འཚོ་བར་བདེ་ལྷོད་ངང་རོལ་བཞིན་ཡོད། ཅེས་བཤད།
ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༩ ནང་ནོར་བུ་དོན་གྲུབ་ཟེར་བ་བོད་རང་སྐྱོང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་དེས་གསར་འགོད་པ་ཚོར་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་སྐོར་བཤད་དོན་ལྟར་ན། ཁོང་སྐུ་གཟུགས་བདེ་ཐང་ངང་རྒྱུན་ལྡན་གྱི་འཚོ་བར་རོལ་ནས་ཚར་ལོང་བྱེད་བཞིན་ཡོད་པ་དང་། གཞན་གྱིས་བསུན་གཙེར་ཡོང་དོགས་གནང་བཞིན་ཡོད་སྐོར་བཤད།
ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གསུང་དོན། རྒྱ་ནག་གཞུང་གིས་གར་སོང་ཆ་མེད་དུ་གྱུར་བའི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཇི་ཡིན་སྐོར་ད་བར་ཚད་ལས་བརྒལ་བའི་སྤོམ་བཤད་དང་སྦ་གསང་ཁོ་ན་བྱས་རྐྱེན་ཁོང་གི་གནས་སྟངས་གསང་བ་དོགས་གཞི་ཅན་ཞིག་ངང་མུ་མཐུད་ལྷག་ཡོད། དགེ་འདུན་ཆོས་ཀྱི་ཉི་མའི་སྐོར་འདྲི་རྩད་སོགས་བྱེད་སྐབས་རྒྱ་ནག་འགོ་ཁྲིད་ཚོས་འཁྱོག་བཤད་བྱས་རྐྱེན་ངོ་ཚ་ཁ་སྐྱེངས་ཡོང་བ་མ་ཟད། སྐབས་རེ་ཁོང་ཁྲོ་ལངས་ནས་ལན་འདེབས་གང་བྱུང་རྒྱག་དགོས་པའང་ཆགས་བཞིན་ཡོད། ཅེས་གསུངས།
དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་གསུང་དོན། རྒྱལ་སྤྱིའི་ཐོག་ནས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་གསལ་རྟོགས་དང་ཁོང་མགྱོགས་མྱུར་གློད་བཀྲོལ་ཡོང་ཆེད་འབད་བརྩོན་ཧ་ཅང་གནང་ཡོད་ཀྱང་ད་བར་རྒྱ་ནག་གཞུང་གིས་ཡ་ལན་གང་ཡང་བྱེད་མེད། ད་ཆ་དགེ་འདུན་ཆོས་ཀྱི་ཉི་མའི་གནས་སྟངས་ཐད་སེམས་ཁུར་ཡོད་མཁན་གྱི་སྲིད་གཞུང་ཁག་མཉམ་རུབ་ཐོག་ནས། རྒྱ་ནག་གཞུང་ལ་ཁོང་གི་གནས་སྟངས་ཐོག་འགན་འཁྲི་ཡོད་པ་ཞིག་བཟོ་རྒྱུར་འབད་བརྩོན་གནང་རྒྱུ་དང་། ཁོང་གི་གནས་སྟངས་ངོ་མ་ཇི་ཡིན་རྒྱ་ནག་གཞུང་ལ་ཡོངས་གྲགས་བཟོ་འཇུག་དགོས། ཞེས་གསུངས།
སྐུ་ཞབས་ཨ་བྷི་ཤེག་སིངྒ་ཝི་མཆོག་གིས་གར་སོང་ཆ་མེད་དུ་གྱུར་བའི་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་གསལ་བཀྲོལ་གནང་བའི་གནད་དོན་ཁག་གཅིག
དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་དེ་འཇིག་རྟེན་ཁ་དཔེར། དངོས་ཡོད་དྲང་བདེན་གྱི་གནས་ཚུལ་དེ་རྟོག་སྒྲུང་ལས་ཡ་མཚན་པ་ཡོད། ཅེས་པ་ལྟར་ཆགས་ཡོད། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ནི་གསང་བ་དང་ཆེས་བློ་ཕམ་ཅན་ཞིག་ཡིན་པ་མ་ཟད། གོད་ཆག་ཆེ་ཞིང་དངངས་སྐྲག་འོག་མུ་མཐུད་གནས་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༥ ལོར་ངོས་འཛིན་མཛད་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་རྐྱེན་གར་སོང་ཆ་མེད་དུ་གྱུར་ཡོད། བྱེད་སྟངས་འདི་ནི་རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་ཚབས་ཆེ་བཏང་བ་ཞིག་ཡིན་པ་ཧ་ཅང་གསལ་པོ་ཡིན་པ་མ་ཟད། ལྷག་པར་རྒྱ་ནག་གཞུང་གིས་བོད་མཐོ་སྒང་ཙམ་མ་ཟད། ཆོས་དད་རང་དབང་གི་ཐོབ་ཐང་རྩོད་ལེན་པ་ཚང་མར་གཅིག་བསྡུས་དབང་འཛིན་གྱི་ལམ་ལུགས་འོག་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་དྲག་གནོན་བྱེད་བཞིན་པ་གསལ་བཏོན་བྱས་ཡོད། ལྷག་པར་ཞི་བའི་ལམ་ནས་ཐོབ་ཐང་རྩོད་ལེན་པ་རྣམས་ལ་རྒྱ་ནག་གཞུང་གིས་མཐའ་གཅིག་ཏུ་དྲག་གནོན་བྱེད་བཞིན་པ་ནི་འོས་འཚམས་ཤིག་རྩ་བ་ནས་མ་རེད།
རྒྱ་ནག་གཞུང་གིས་ཇི་ཙམ་གྱིས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་དམ་བསྒྲགས་བྱེད་པ་དང་། རང་སྣང་གང་དྲན་ཐོག་ཡང་སྲིད་ཐག་གཅོད་བྱས་པ་དེ་ཚོད་ཀྱིས་བོད་མི་ཚོས་རྒྱ་ནག་གཞུང་ལ་མི་དགའ་བའི་བསམ་བློ་ཤུགས་ཆེ་རུ་འགྲོ་རྒྱུ་དང་། སེམས་ནད་ཇེ་ཆེར་འགྲོ་རྒྱུ་ཡིན་ངེས། བོད་མིའི་སེམས་ནད་དེ་ད་ལྟ་དེ་ཙམ་མངོན་པར་མི་གསལ་བ་དང་ཡང་ན་ཤེས་ཚོར་མེད་ཀྱང་བག་ལ་ཉལ་བའི་ཚུལ་དུ་གནས་ཡོད་པ་ལས་རྩ་མེད་ནམ་ཡང་ཕྱིན་མེད་པ་དེ་རྒྱ་ནག་གཞུང་གིས་གསལ་རྟོགས་ཐུབ་རྒྱུ་ཡིན་པ་ངས་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད། དེ་ནི་གཙོ་བོ་ཕྱོགས་གཅིག་ནས་རྒྱལ་སྤྱིའི་གནོན་ཤུགས་དང་ཟུར་འབུད་བྱེད་པ། ཕྱོགས་གཉིས་ནས་རྒྱལ་སྤྱིའི་ཐོག་ངོ་ཚ་ཁ་སྐྱེངས་ཡོང་བཞིན་པ་སོགས་ལ་བརྟེན་ནས་ཤེས་རྟོགས་ཐུབ་རྒྱུ་རེད། །
བརྙན་འཕྲིན་གཟིགས་ཆེད་འདིར་གནོན།