༢༠༡༧ ཟླ་ ༣ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །བྷེལ་ཇམ་ཁུལ་གནས་སྡོད་བོད་རིགས་རྣམས་ཀྱིས་བོད་རྒྱལ་ལོ་ ༢༡༤༤ རབ་གནས་མེ་བྱ་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༢༧ ཉིན་བྷེལ་ཇམ་གྱི་གྲོང་ཁྱེར་ཨེན་བཔ་ Antwerp ནང་བྷེལ་ཇམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་བོད་རིགས་རྣམས་མཉམ་འཛོམས་ཐོག་བསང་གསོལ་དང་གཞས་སྣ་འཁྲབ་སྟོན་གནང་ཡོད། ཨེན་བཔ་གྲོང་ཁྱེར་ནང་བོད་མི་གནས་སྡོད་བྱེད་མཁན་མང་ཤོས་ཤིག་ཆགས་ཡོད་ཅིང་། ཁུལ་དེར་བོད་རིགས་ཚོགས་པས་མཛད་སྒོ་གོ་སྒྲིག་ཞུ་སྲོལ་ཡོད་འདུག
དེ་ཡང་ལོ་གསར་ཚེས་ ༢ ཉིན་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་ཁུལ་དེར་ལོ་གསར་སྲུང་བརྩིའི་མཛད་སྒོ་ཞིག་ཚོགས་ཡོད་པ་མ་ཟད། ཚོགས་སྐྱིད་ཁག་གིས་གཞས་སྣ་འཁྲབ་སྟོན་ཡང་གནང་འདུག བྷེལ་ཇམ་གྱི་བྷུ་རུ་ཞི་གྲོང་ཁྱེར་དུ་ཡོད་པའི་བོད་རིགས་ཚོས་ལོ་གསར་སྲུང་བརྩིའི་མཛད་སྒོ་འཚོགས་སྐབས་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་གདན་ཞུས་ལྟར་ཆེད་ཕེབས་གནང་སྟེ། དེར་འདུས་བོད་མི་རྣམས་ལ་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་འདི་ལྟ་བུའི་འདུ་འཛོམས་གོ་སྒྲིག་གནང་ཐུབ་པར་བསྔགས་བརྗོད་གནང་འདུག འདུ་འཛོམས་འདིས་སྤྱི་ཚོགས་དང་རིག་གཞུང་ཁྱབ་སྤེལ་འགྲོ་རྒྱུ་ཙམ་མ་ཟད། བོད་མིའི་ཆིག་སྒྲིལ་གྱི་རྣམ་པ་ཤུགས་ཆེ་བསྟན་ཐུབ། བོད་མི་རྣམས་མཉམ་འཛོམས་བྱེད་རྒྱུ་འདི་ནི་བོད་མིའི་ཐུན་མིན་ངོ་བོ་སྲུང་སྐྱོབ་བྱེད་རྒྱུའི་རྨང་གཞི་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།།