༢༠༡༦ ཟླ་ ༡༢ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །བདུན་ཕྲག་གསུམ་གྱི་སྔོན་ཨ་རིའི་རྒྱལ་ཡོངས་སྲིད་འཛིན་གྱི་འོས་བསྡུ་ཆེན་མོ་ལེགས་གྲུབ་ཀྱིས་སྐུ་ཞབས་ཌོ་ནལ་ཊམ་ Mr Donald Trump མཆོག་ཨ་རིའི་སྲིད་འཛིན་གསར་པར་བདམས་ཐོན་བྱུང་ཡོད། སྐུ་ཞབས་ཌོ་ནལ་ཊམ་མཆོག་སྲིད་འཛིན་གསར་པར་བདམས་ཐོན་བྱུང་བ་ནས་བཟུང་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢༠ ཉིན་བར་ལས་ཁུར་དམ་འབུལ་མ་ཞུས་པའི་རིང་སྲིད་འཛིན་གསར་རྙིང་དབར་འཛིན་སྐྱོང་ལས་དོན་དང་། ལས་ཁུངས་གནད་འགག་ཆེ་ཁག་གི་ལས་བྱེད་བརྗེ་སྒྱུར་སོགས་འཕོ་འགྱུར་གྱི་དུས་སྐབས་འདི་ཧ་ཅང་གཉན་འཕྲང་ཅན་གྱི་དུས་སྐབས་ཤིག་ཡིན་སྟབས། སྔར་ལྟར་སྲིད་གཞུང་གསར་པས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ལངས་ཕྱོགས་མུ་མཐུད་རྒྱུན་སྐྱོང་གནང་ཆེད། ཨ་རི་རྒྱལ་ཡོངས་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་བའི་དུས་ཆེན་ Thanksgiving སྔ་རྗེས་སུ་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་མཉམ་རུབ་ཐོག ཨ་རིའི་གྲོས་ཚོགས་གོང་འོག་གི་མང་གཙོ་དང་སྤྱི་མཐུན་ཚོགས་པ་གཉིས་ཀའི་གྲོས་ཚོགས་འཐུས་མི་གང་མང་དང་མཇལ་འཕྲད་ཞུས་ནས་ཨ་རིའི་སྲིད་གཞུང་གི་ཕྱི་འབྲེལ་སྲིད་བྱུས་འོག་བོད་དོན་ཐོག་རྒྱབ་སྐྱོར་གྱི་ལངས་ཕྱོགས་འཛིན་བཞིན་པ་དེ་དག་སྲིད་འཛིན་གསར་པ་སྐུ་ཞབས་ཌོ་ནལ་ཊམ་མཆོག་གི་དབུ་ཁྲིད་འོག་མུ་མཐུད་རྒྱུན་སྐྱོང་གནང་སྐྱོང་ཡོང་ཆེད་ཞུ་གཏུག་གནང་འདུག ཞུ་གཏུག་གནང་བའི་གྲོས་ཚོགས་འཐུས་མི་དང་འབྲེལ་ཡོད་ལས་བྱེད་སོགས་མང་པོ་ཞིག་ཡོད་ཁོངས་ནས་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཌི་ཡེན་ཕ་ཡིན་སི་ཊེན་ Senator Diane Feinstein མཆོག་ཀྱང་ཡོད་འདུག་པ་དང་། ཁོ་མོ་ནི་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་ཞིང་ཐེངས་འདིར་ཡང་ཁོང་ནས་སྔར་བཞིན་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཁས་ལེན་གནང་འདུག