༢༠༡༦ ཟླ་ ༡༡ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །ཐེངས་འདིར་ཨ་རིའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་སྐབས་སྐུ་ཞབས་ཌོ་ནལ་ཊམ་ Donald J Trump མཆོག་ལ་རྒྱལ་ཁ་ཐོབ་ནས་རིང་མིན་ཡུལ་དེའི་སྲིད་འཛིན་གསར་པའི་ལས་ཁུར་དམ་འབུལ་ཞུ་རྒྱུ་ཡིན་འདུག དེར་བརྟེན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༩ རེས་གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་གསར་པར་འོས་འདེམས་བྱུང་བ་སྐུ་ཞབས་ཌོ་ནལ་ཊམ་མཆོག་ལ་འཚམས་འདྲི་ཞུས་པའི་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་སྐུ་ཉིད་མཆོག་དང་སྐུ་ཉིད་མཆོག་གི་ཆབ་སྲིད་ཚོགས་པར་ཨ་རིའི་སྲིད་འཛིན་གསར་པའི་འོས་བསྡུའི་གྲུབ་འབྲས་ཀྱི་རྒྱལ་ཁ་ཐོབ་པར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།
ཨ་རི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་གཉིས་ནས་བོད་དོན་ཐོག་སླེབ་སྐབས། དུས་རྟག་ཏུ་ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པ་རྣམས་རྒྱབ་སྐྱུར་ཐོག བོད་དོན་ལ་ཐུན་མོང་གིས་རྒྱབ་སྐྱོར་དང་༸གོང་ས་མཆོག་ལ་གུས་འདུད་ཞུ་བཞིན་ཡོད། དེར་བརྟེན་རྒྱ་ནག་གི་བཙན་གནོན་དབང་སྒྱུར་འོག་ཡོད་པའི་བོད་མི་དང་། འཛམ་གླིང་གི་ས་ཕྱོགས་གཞན་འདྲ་མིན་ཁག་ནང་རང་དབང་ལ་ལོངས་སུ་སྤྱོད་བཞིན་པའི་བོད་མི་རྣམས་ལ་ཨ་རིའི་གཞུང་མང་གཉིས་ནི་ཧ་ཅང་དཀའ་དྲིན་ཆེན་པོ་ཆགས་ཡོད། སྐུ་ཉིད་མཆོག་གིས་སྲིད་འཛིན་གྱི་ལས་ཡུན་སྐབས་བོད་དོན་ཐོག་རྒྱབ་སྐྱོར་དང་བོད་མི་ཚོར་འབྲེལ་ལམ་མུ་མཐུད་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད། སྐུ་ཉིད་མཆོག་གི་སྙིང་སྟོབས་དང་རྣམ་སྤྱོད་ལ་བརྟེན་ནས་ཨ་རིའི་འབྱུང་འགྱུར་གྱི་མདུན་ལམ་དེ་ཞི་བདེ་བརྟན་ལྷིང་དང་ཡར་རྒྱས་གོང་འཕེལ་གྱི་ཕྱོགས་སུ་གོམ་པ་མདུན་སྤོ་བྱ་རྒྱུ་ཡིན་པ་ང་ཚོས་རེ་སྨོན་ཞུ་བཞིན་ཡོད། ཅེས་འཁོད་འདུག