༢༠༡༦ ཟླ་ ༡༡ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡ ནས་ཚེས་ ༢ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ས་མིག་གྲངས་ ༡༧ ཆེད་ཡིག་རྒྱུགས་གཏོང་མཁན་མི་གྲངས་ ༡༢༠ ལྷག་གིས་བོད་ཨིན་སློབ་ཚན་གཉིས་ཐོག་འབྲི་རྒྱུགས་དང་། དེ་རྗེས་ཕྱི་ཚེས་ ༣ དང་ ༤ བཅས་ཉིན་གཉིས་རིང་བོད་ཨིན་ནང་ངག་རྒྱུགས་ཕུལ་འདུག
ཐེངས་འདིར་དྲུང་གཞོན་ ༡ དང་། དྲུང་ལས་ ༡ རྒན་དྲུང་ ༩ གཞོན་དྲུང་ ༦ བཅས་ཀྱི་ས་མིག་ཐོག་ཡིག་རྒྱུགས་བཏང་བ་ཞིག་ཡིན་འདུག འབྲི་རྒྱུགས་ལ་བརྒྱ་ཆ་ ༨༠ དང་ངག་རྒྱུགས་ལ་བརྒྱ་ཆ་ ༢༠ ཡོད་འདུག འབྲི་རྒྱུགས་དང་ངག་རྒྱུགས་གཉིས་བསྡོམས་ནས་ཡིག་རྒྱུགས་འཕྲོད་པར་བརྒྱ་ཆ་ ༥༠ ལོངས་དགོས། ཡིག་རྒྱུགས་འཕྲོད་པའི་ཁོངས་ནས་ཨང་རིམ་རྩེ་བཏོག་གིས་འདེམས་རྒྱུ་དང་། ཡིག་རྒྱུགས་འཕྲོད་ཀྱང་ཨང་རིམ་རྩེ་བཏོག་གིས་འདེམས་སྒྲུག་ནང་མ་ཚུད་པ་རྣམས་སྒུག་ཐོ་བང་རིམ་ནང་འཇོག་རྒྱུ་དང་། གལ་ཏེ་ཉིན་གྲངས་ ༡༨༠ ནང་ཚུད་ལ་ས་མིག་སྟོང་པ་འཐོན་ཚེ་སྒུག་ཐོ་བང་རིམ་ཐོག་ནས་འདེམས་རྒྱུ་ཡིན་འདུག
དེ་ཡང་སྲི་ཞུའི་ལས་བྱེད་འཛུལ་རྒྱུགས་ཀྱི་སློབ་ཚན་འཇོག་སྟངས་ཐད་གཞུང་ཞབས་འདེམས་ལྷན་ཚོགས་གཙོ་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གིས་འདི་གའི་གསར་འགོད་པར་གསལ་བཤད་གནང་དོན།
དེ་སྔ་སྐབས་ཤིག་ལ་ཡིག་རྒྱུགས་སློབ་ཚན་ནང་ཆབ་སྲིད་དང་རྩིས། བོད་ཨིན་གྱི་སློབ་ཚན་གཉིས་བཅས་ཁྱོན་སློབ་ཚན་བཞི་ཡོད་སྟབས་སློབ་ཚན་ཆ་ཚང་ཡིག་རྒྱུགས་འཕྲོད་མཁན་ཧ་ཅང་དཀོན་པོ་ཆགས་ཀྱི་འདུག དེར་བརྟེན་འདེམས་ལྷན་ནས་བཀའ་ཤག་ལ་རྩིས་ཞིབ་ཆེད་དུ་རྩིས་པ་དགོས་ན་དམིགས་བཀར་ས་མིག་ཐོག་ཡིག་རྒྱུགས་གཏོང་བཞིན་ཡོད་སྟབས་རྩིས་པ་དེའི་ཐོག་འདེམས་ཐུབ་བཞིན་ཡོད། རྩིས་ཀྱི་རྒྱབ་ལྗོངས་མེད་མཁན་ཞིག་ལ་རྩིས་རྒྱུགས་གཏོང་སྐབས་རྒྱུགས་འཕྲོད་རྒྱུ་ཁག་པོ་འདུག
ཆབ་སྲིད་ལའང་དེ་མཚུངས་དཀའ་ངལ་ཞིག་འཕྲད་བཞིན་ཡོད། གང་ཡིན་བརྗོད་ན་ཡིག་རྒྱུགས་གཏོང་མཁན་རྣམས་མཐོ་སློབ་སོགས་ཐོན་མ་ཐག་པའི་མི་ཞིག་ཡིན་སྟབས་དུས་ཚོད་ཕལ་ཆེ་བ་ཉིན་རེའི་ཤེས་ཡོན་སློབ་སྦྱོང་ཐོག་བཏང་བར་བརྟེན། ཆབ་སྲིད་ཀྱི་གོ་རྟོགས་ལམ་སང་ཡོང་རྒྱུ་ཟེར་བ་དཀའ་ལས་ཁག་པོ་རེད། ལས་བྱེད་ནང་དངོས་སུ་ཞུགས་རྗེས་རིམ་བཞིན་ཆབ་སྲིད་ཀྱི་གནས་སྟངས་ཐོག་གོ་རྟོགས་ཡར་རྒྱས་འགྲོ་རྒྱུ་ཡིན་པར་བརྟེན་གནད་དོན་དེ་དག་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་དང་ལྷན་བཀའ་བསྡུར་ལྷུག་པོ་གནང་བ་བརྒྱུད་རྒྱུ་ཚན་དེ་དག་བསྒྲངས་ནས་མཐར་སློབ་ཚན་དེ་གཉིས་ཕྱིར་བསྡུ་གནང་བ་རེད།
རྩིས་རྒྱུགས་ཟུར་དུ་མེད་ཀྱང་རྩིས་དང་འབྲེལ་བའི་དཔལ་འབྱོར་གྱི་སྒྲིག་གཞི་ཁག་ཡོད་པ་དེ་དག་ནས་དྲི་བ་གཏོང་བཞིན་ཡོད། ཕྱོགས་མཚུངས་ཆབ་སྲིད་དང་འབྲེལ་བའི་སྐོར་ངག་རྒྱུགས་ནང་དུའང་དྲི་བ་གཏོང་བཞིན་ཡོད། དེར་བརྟེན་རྩིས་དང་ཆབ་སྲིད་སྐོར་ལ་ཡིག་རྒྱུགས་ནང་དྲི་བ་རྩ་བ་ནས་མེད་པ་དེ་འདྲའང་མིན། དཔེར་ན། རྩིས་ལ་མཚོན་ན། ཡིག་རྒྱུགས་ཀྱི་འབྲི་ཤོག་ནང་སྐབས་རེ། སྔོན་རྩིས་ཀྱི་རྩིས་ལོ་འགོ་མཇུག་གི་ཚེས་གྲངས་སྐོར་གྱི་དྲི་བ་དང་།
ཕྱོགས་མཚུངས་ཆབ་སྲིད་ཐོག་ལའང་དེ་མཚུངས་དྲི་བ་གཏོང་བཞིན་ཡོད། ཅེས་གསུངས་པ་མ་ཟད། ཡང་ཁོང་ནས་ཁྱད་ལས་པའི་ལས་བྱེད་བསྐོ་སྟངས་ཐད་གསུང་དོན། ཁྱད་ལས་པའི་ལས་བྱེད་བསྐོ་གཞག་གནང་རྒྱུ་འདི་ལས་ཁུངས་སོ་སོས་བཀའ་ཤག་ལ་བཀའ་འཁྲོལ་ཞུས་ནས་ཁྱད་ལས་པའི་ས་མིག་གཏོད་རྒྱུ་རེད། ཁྱད་ལས་པ་འདི་འདྲ་ཞིག་ང་ཚོར་དགོས་མཁོ་འདུག ཅེས་ལས་ཁུངས་སོ་སོའི་གོང་རིམ་ལ་སྙན་སེང་ཞུས་རྗེས་བཀའ་ཤག་ནས་གཞུང་ཞབས་འདེམས་ལྷན་ལ་ཁྱད་ལས་པ་དེ་འདྲ་ཞིག་བསྐོ་རོགས་ཞེས་གསུངས་རྗེས་འདེམས་རྒྱུ་རེད། དེ་ཡང་ཁྱད་ལས་པའི་ལས་བྱེད་འདེམས་སྐབས་དམིགས་བསལ་གྱི་གནས་སྟངས་ཤིག་ཡོད་པ་དེ་གང་ཡིན་བརྗོད་ན། ལྷན་ཁང་སོ་སོར་ལས་དོན་ཇི་འདྲ་ཞིག་ཐོག་ཁྱད་ལས་པའི་ལས་བྱེད་དགོས་མཁོ་ལྟར། དེ་མཚུངས་ཀྱི་ཆ་རྐྱེན་ཁག་འདེམས་ལྷན་ལ་ཕུལ་བ་དེར་གཞིགས་པའི་འདེམས་ལྷན་ནས་གསལ་བསྒྲགས་སྤེལ་རྒྱུ་དང་། ཁྱད་ལས་པའི་ལས་བྱེད་ཀྱི་ས་མིག་ཐོག་ཡིག་རྒྱུགས་གཏོང་མཁན་རྣམས་ལ་ངག་རྒྱུགས་ཁོ་ན་ལས་འབྲི་རྒྱུགས་མེད།
འོན་ཀྱང་ཁྱད་ལས་པའི་ས་མིག་ཐོག་འཛུལ་མཁན་མང་པོ་བྱུང་བ་ཡིན་ན་འབྲི་རྒྱུགས་གཏོང་སྲིད་པ་ཞིག་ཀྱང་རེད། དེ་མིན་འཛུལ་མཁན་རེ་རེ་གཉིས་རེ་ལས་མེད་ཚེ་ངག་རྒྱུགས་ཀྱི་འཐུས་པ་གནང་བཞིན་ཡོད། ཅེས་གསུངས།
ཡང་ཁོང་གིས་དམིགས་བཀར་ལས་བྱེད་ཐད་གསུང་དོན། དམིགས་བཀར་ལས་བྱེད་བསྐོ་སྟངས་ཐད་ད་ལྟ་མུ་མཐུད་བཀའ་ཤག་དང་ལྷན་གོ་བསྡུར་ཞུ་མུས་ཡིན། ཞེས་གསུངས།
གཞན་ཡང་ཁོང་གིས། ཆོད་གན་ལས་བྱེད་ལྟ་བུར་མཚོན་ན་ཡིག་རྒྱུགས་དེ་འདྲ་བཏང་མི་དགོས། ས་མིག་ཡོད་པ་དང་མེད་པའི་ཆོད་གན་རིགས་གཉིས་ཡོད། དེ་རིགས་ལས་ཁུངས་སོ་སོས་བཀའ་ཤག་ལ་ཞུས། བཀའ་ཤག་ནས་འདེམས་ལྷན་ལ་བཀའ་ཡིག་གནང་རྒྱུ་རེད། དེ་ཡང་ཆོད་གན་བསྐོ་སྟངས་ཐད་འགྲོ་ལུགས་འགྲོ་སྟངས་ཤིག་ཡོད། ཆ་རྐྱེན་དེ་དག་ཚང་མིན་ཞིབ་འཇུགས་གནང་གི་རེད། ཆ་རྐྱེན་ཚང་མ་ཚང་ཡོད་ན་དང་པོ་ལོ་གཉིས་བསྐོ་གཞག་དང་དེ་རྗེས་སླར་ཡང་ལོ་གཉིས་འཕར་འགྱངས་ཞུ་ཆོག་པར་བརྟེན་ཁྱོན་མང་མཐར་ལོ་བཞི་ཕྱག་ལས་གནང་ཆོག་པ་རེད། དེའི་རྗེས་སུ་བསྐྱར་བསྐོ་ཆོག་གི་མེད། ཅེས་གསུངས། །