༢༠༡༦ ཟླ་ ༨ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༡ ནས་ ༡༢ བར་ལྡི་ལིར་ཆེས་མཐོའི་མི་སྣ་མཇལ་འཕྲད་དང་། ཕྱི་ཚེས་ ༡༩ ཉིན་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་གནང་བའི་བོད་མིའི་ན་གཞོན་འགོ་ཁྲིད་ཀྱི་ཚོགས་འདུར་གསུང་བཤད་གནང་སྟེ་ཕྱི་ཚེས་ ༢༡ ཉིན་ལྡི་ལི་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༢ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག
རྩ་བའི་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༨ ནས་ ༢༡ བར་བྱང་ཨ་རིའི་ནིའུ་ཡོག་གི་གྷེ་རེ་སོན་བསྟི་གནས་ཁང་ Garrison Institute དུ་ཕྱི་ལོ་ ༢༠༡༦ ལོའི་བོད་མིའི་ན་གཞོན་འགོ་ཁྲིད་ལྷན་ཚོགས་ཞེས་ཚོགས་ཆེན་ཚོགས་གཏན་འཁེལ་ཡོད་པ་དང་། དེ་ལྟའི་ཚོགས་ཆེན་དེ་བོད་མིའི་ལོ་རྒྱུས་ཐོག་ཐེངས་དང་པོ་ཆགས་ཀྱི་ཡོད། དེ་སྔ་བྱང་ཨ་རིའི་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༠༧ ལོར་བྱང་ཨ་རིའི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ཚོགས་ཆེན་དང་། ཕྱི་ལོ་ ༢༠༠༩ ལོར་ཆེད་ལས་བོད་མིའི་ཚོགས་ཆེན་གཉིས་ལམ་ལྷོང་ཇེ་ཆེར་གྱུར་ཡོད་རུང་ད་ལྟའི་ཚོགས་ཆེན་འདིས་གོང་གི་ཚོགས་ཆེན་གཉིས་ཀྱི་ཁ་སྐོང་ལྟ་བུ་ཆགས་ཡོད།
ཕྱི་ལོ་ ༢༠༡༦ ལོའི་བོད་མིའི་ན་གཞོན་འགོ་ཁྲིད་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི། ཡུལ་གྲུ་གང་སར་གནས་པའི་བོད་མིའི་ན་གཞོན་འགོ་ཁྲིད་རྣམ་པ་འདུ་བཀོང་གིས་ཕན་ཚུན་ཉམས་མྱོང་ཐོག་གོ་བསྡུར་སྦྱང་བཤད་དང་། བློ་སྤོབས་འཕེལ་ཐབས། བོད་མི་རིགས་དང་བོད་མིའི་སྤྱི་ཚོགས། བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སོགས་ལ་འགལ་རྐྱེན་ཡོད་པ་རྣམས་ངོས་འཛིན་ཐོག་ནས་འགལ་རྐྱེན་དེ་དག་ཇི་ལྟར་སེལ་དགོས་པ་ཤེས་ཆེད་ཡིན་སྐོར་གོ་སྒྲིག་ཚོགས་ཆུང་གི་དྲ་རྒྱའི་ནང་བཀོད་འདུག