༢༠༡༦ ཟླ་ ༨ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༢ ཉིན་༸གོང་ས་མཆོག་གིས་སྔ་དྲོ་ཆུ་ཚོད་ ༨།༥༠ ཐོག་ལ་དྭགས་ཁྲིག་རྩེ་གྲོང་གསེབ་ཀྱི་བཞུགས་གནས་མགྲོན་ཁང་ནས་ཆིབས་སྒྱུར་གྱིས་གྲོང་གསེབ་དེའི་དགོན་པ་གསར་པ་ཞིག་དབུ་འབྱེད་མཛད་རྗེས་བཙུན་དགོན་དགའ་ལྡན་བཤད་སྒྲུབ་ཆེད་གཉེར་གླིང་དུ་ཆིབས་སྒྱུར་བསྐྱངས་ནས་བཀའ་སློབ་སྩལ་དོན།
ལོ་ཙཱ་བ་རིན་ཆེན་བཟང་པོ་བོད་གངས་ཅན་ལྗོངས་སུ་མ་ཕེབས་གོང་ལ་བསྟན་པ་སྔ་དར། ལོ་ཙཱ་བ་རིན་ཆེན་བཟང་པོ་བོད་དུ་ཕེབས་པའི་རྗེས་སུ་བསྟན་པ་ཕྱི་དར། བར་སྐབས་སངས་རྒྱས་ཀྱི་ཆོས་ཉམས་སྨད་ཆེན་པོ་བྱུང་སྟེ་ལོ་ཙཱ་བ་རིན་ཆེན་བཟང་པོ་ནས་གཞི་ནས་བསྟན་པ་སླར་གསོ་ཐུབ་པ་འདི་ལ་བསྟན་པ་ཕྱི་དར་ཞེས་བཤད་གྱི་ཡོད། འདི་འདྲའི་གནས་ཁྱད་པར་ཅན་གྱི་ཉེ་འཁྲིས་སུ་གཙུག་ལག་ཁང་བཙུན་མའི་དགོན་པ་འདི་འདྲ་ཞིག་འཛུགས་སྐྲུན་བྱས་པ་ཧ་ཅང་ཡག་པོ་རེད། ཐུགས་རྗེ་ཆེ།
ལོ་ཙཱ་བ་རིན་ཆེན་བཟང་པོ་ཕེབས་ནས་བསྟན་པ་ཕྱི་དར་ཞེས་བསྟན་པ་སླར་གསོ་བྱེད་རྒྱུ་འདི་འཁྲུག་པ་བརྒྱབ་ནས་སླར་གསོ་བྱས་མེད། ཆོས་འཆད་ཉན་གནང་། གཙོ་བོ་སློབ་སྦྱོང་བྱས། སྡེ་སྣོད་གསུམ་གྱི་སློབ་སྦྱོང་བྱས། སྡེ་སྣོད་གསུམ་གྱི་སློབ་སྦྱོང་བྱས་པའི་རྗེས་སྡེ་སྣོད་གསུམ་གྱི་བརྗོད་བྱ་བསླབ་པ་གསུམ་ཉམས་ལེན་བྱས་ནས་སངས་རྒྱས་བསྟན་པ་སླར་གསོ་བྱེད་རྒྱུ་དེ་འདྲ་ཡིན་པ་རེད། དེ་འདྲ་ཡིན་དུས་རིན་ཆེན་བཟང་པོ་ཕེབས་ནས་ལོ་སྟོང་ཕྲག་ལྷག་རིང་གི་སངས་རྒྱས་ཀྱི་བསྟན་པ་བརྒྱུད་འཛིན་བྱེད་རྒྱུ་འདི་གཙོ་བོ་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་བྱས། བསླབ་པ་གསུམ་གྱི་ཉམས་ལེན་གྱི་ཚུལ་ཁྲིམས་ཀྱི་བསླབ་པ་འདི་ཡང་རབ་བྱུང་ཕོ་མོའི་སྡེ་ཚུགས་ནས་གང་ལྟར་ལོ་སྟོང་ཕྲག་ལྷག་རིང་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་བྱེད་སྟངས་འདི་ཆོས་ལ་སློབ་སྦྱོང་བྱས། ཆོས་ཉམས་ལེན་བྱས། དེ་ལྟར་ཡིན་པ་རེད། དེར་བརྟེན་ལུང་སྡེ་སྣོད་གསུམ་ལ་ཐོས་བསམ་གྱི་སློབ་གཉེར་བྱེད་རྒྱུ་དང་བསླབ་པ་གསུམ་གྱི་ཉམས་ལེན་བྱེད་རྒྱུ་ལ་རབ་བྱུང་ཕོ་མོ་ཁྱད་པར་མེད། སྐྱ་སེར་ཕོ་མོ་དབྱེ་བ་ཡོད་མ་རེད། དེ་སྔ་བོད་ལ་བཙུན་མའི་དགོན་པ་ཚོས་སློབ་སྦྱོང་བྱེད་རྒྱུར་དེ་ཙམ་གྱིས་མིག་ལྟོས་མེད་པ་ལྟ་བུ་རེད། ཧ་ལམ་འདས་པའི་ལོ་བརྒྱ་ཕྲག་ཁ་ཤས་ལ་བཙུན་མའི་དགོན་པ་ཚོས་གཞུང་ཆེན་མོ་ལ་སློབ་སྦྱོང་བྱེད་རྒྱུ་ཧ་ལམ་མེད་པ་རེད། དེ་ངོས་ཀྱིས་ནོར་འདུག་ཅེས་བཤད་ཀྱི་ཡོད།
འདས་པའི་ལོ་བཞི་བཅུ་ལྷག་ཙམ་ནང་ལ་བཙུན་མའི་དགོན་པ་ཚོས་དཔེ་ཆ་གཞུང་ཆེན་བལྟ་དགོས་རེད། ཅེས་འབོད་སྐུལ་བྱས་ནས་དེ་རིང་ཁ་སང་བཙུན་མའི་ནང་ནས་དགེ་བཤེས་མ་ཐོན་ཡོང་གི་ཡོད་པར་བརྟེན། ཁྱེད་རང་ཚོ་འདིར་ཆ་བཞག་ནའང་བཙུན་མའི་དགོན་པ་ཚོས་ངེས་པར་དུ་དཔེ་ཆ་བལྟ་དགོས། གཞུང་ཆེན་བལྟ་དགོས་རེད། སྔ་མོ་ངོས་རང་ཐེངས་ཅིག་གར་ཤ་ལ་སླེབ་སྐབས་ངོས་ཀྱི་ངོ་ཤེས་པ་ཆོས་གྲོགས་དེ་འདྲ་འགའ་ཤས་སླེབས་འདུག ངོས་ཀྱིས་ཁྱེད་རང་ཚོ་ཡུལ་པ་ཚོ་ནང་པ་རེད་པ་ཞེས་བརྗོད་པ་ཡིན། ནང་པ་ཡིན་ཞེས་བརྗོད་སོང། ནང་པའི་ཆོས་འདི་གང་རེད། ཅེས་དྲིས་པ་ཡིན། བླ་མ་ལ་སྐྱབས་སུ་མཆིའོ། སངས་རྒྱས་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབས་སུ་མཆིའོ། དགེ་འདུན་ལ་སྐྱབས་སུ་མཆིའོ། ཟེར་བ་འདི་ནང་པའི་ཆོས་རེད་ཅེས་ཟེར། འགྲིག་གི་རེད། སངས་རྒྱས་ཟེར་བ་འདི་གང་རེད། ཆོས་ཟེར་བ་འདི་གང་རེད། ཅེས་འདྲི་སྐབས་ཤེས་ཀྱི་མེད་ཟེར།
དེའི་མཇུག་ཏུ་ངོས་ཀྱིས་ལྷ་ཆེན་ཚངས་པ་དང་སངས་རྒྱས་བཅོམ་ལྡན་འདས་གཅིག་པ་རེད་དམ་མི་འདྲ་བ་ཡོད་རེད་ཅེས་འདྲི་སྐབས་གཅིག་པ་རེད། ཅེས་བརྗོད་བྱུང་། དབུ་མ་བཞི་བརྒྱ་པ་དང་རྟོག་གེ་འབར་བ། རྣམ་འགྲེལ་ལ་སོགས་པ་དེ་དག་གི་ནང་ཕྱི་ནང་དང་གྲུབ་མཐའ་གོང་འོག་གི་ཁྱད་པར་ཧ་ཅང་རྒྱས་པོ་གསུངས་འདུག སངས་རྒྱས་དང་ལྷ་ཆེན་ཚངས་པ་གཅིག་པ་ཡིན་ན་ཁོང་རྣམ་པས་བརྩམས་པའི་དཔེ་ཆ་དེ་དག་འབྲི་དགོས་དོན་མེད། ཆོས་ཕྱོགས་ཀྱི་ཐོག་ནས་ཆོས་ལུགས་ཚང་མས་བསླབ་བྱ་བཟང་པོ་རྒྱག་གི་ཡོད། དེར་བརྟེན་ཆོས་ལུགས་ཚང་མར་སྐྱབས་སུ་མཆིའོ་བརྗོད་ནས་གུས་པ་བྱ་རྒྱུ་རེད། ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བའི་ཁྱད་པར་ཧ་ཅང་ཡོད། ཁྱེད་རང་ཚོས་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས་སློབ་གཉེར་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་ངོས་ཀྱིས་འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས་ཀྱི་ལུང་ཞིག་བྱེད་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་རྗེས་འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས་ཀྱི་ལྗགས་ལུང་སྩལ།།