ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༨ རེས་གཟའ་པ་སངས།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ལ་དམིགས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཡང་ཡང་བཀའ་སློབ་བསྩལ་དོན་ལྟར། བོད་རིགས་གཞོན་སྐྱེས་རྣམས་ཀྱི་སྐད་ཡིག་ཆུ་ཚད་གོང་མཐོར་གཏོང་རྒྱུར་མ་ཟད། གཙོ་བོར་རང་རེའི་ཆོས་སྡེ་ཁག་གི་ཆོས་བྱེད་དགེ་འདུན་པ་རྣམས་ཀྱིས་དང་། དེ་བཞིན་ཚན་རིག་པ་སོགས་དེང་དུས་ཤེས་བྱའི་གནས་ལ་བྱང་ཆུབ་པའི་སྐྱེ་བོ་རྣམས་ཀྱིས་ཀྱང་ཡིད་དབང་འཕྲོག་ནས་ཐུགས་སྣང་སློབ་གཉེར་གནང་ཡུལ་མཚན་ཉིད་རིགས་པའམ་ནང་པའི་ཚན་རིག་དང་། གྲུབ་མཐའ། ཕར་ཕྱིན། དབུ་མ། ཚད་མ། སྔགས་ས་ལམ་བཅས་གཞུང་ཆེན་ཁག་གི་ངོ་སྤྲོད་བྱས་པའི་ལས་རིམ། བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་ཅེས། ཟླ་བ་དྲུག་རིང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཡ་གྱལ་གངས་ཅན་རིག་གནས་སློབ་གྲྭ་དང་ཟུང་འབྲེལ་ཐེངས་གཉིས་བསྐོང་ཚོགས་ཞུས་པ་དེ་ཉིད། སླར་ཡང་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ནས་ཕྱི་ཟླ་ ༡༢ ཚེས་ ༡༥ བར་ཚུགས་རྒྱུའི་སྟ་གོན་འོག་གྲབ་དགོས་རིགས་བསྒྲུབས་འབྲེལ། ཕྱི་ཚེས་ ༡ ཉིན་མཉམ་ཞུགས་སློབ་ཕྲུག་རྣམས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཚོམས་ཆེན་སོགས་ལ་མཆོད་མཇལ་དུ་འཁྲིད་ཅིང་། དེ་རྗེས་སློབ་གྲྭའི་ཚོགས་ཁང་དུ་འཛོམས་ནས་གཞུང་ཆེན་དགེ་རྒན་ལྷ་རམས་དགེ་བཤེས་བསོད་ནམས་བློ་གྲོས་མཆོག་གིས། ཐོག་མར་ཀུན་སློང་བཅོས་པའི་སྐོར་ལས་བརྩམས་ཏེ་བླང་དོར་བཀའ་སློབ་གནང་།
ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཐོག་སླར་ཡང་ཚོགས་ཁང་དུ་འཛོམས་པར། ཆོས་རིག་ཟུང་དྲུང་ཐུབ་བསྟན་ཚེ་རིང་ལགས་ཀྱིས་ལས་རིམ་གྱི་དམིགས་ཡུལ་སོགས་ངོ་སྤྲོད་དང་། དགེ་ཆེ་སྔགས་རམས་ཡོན་ཏན་ནོར་བུ་ལགས་ཀྱིས་སློབ་གྲྭའི་སྒྲིག་གཞི་དང་དུས་ཚིགས་རེའུ་མིག་བཅས་པ་ངོ་སྤྲོད་གསལ་བཤད་ཞུས། ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༦།༣༠ ཐོག་ཞལ་འདོན་དང་། ཆུ་ཚོད་ ༨ བློ་འཛིན་རང་སྦྱོང་། དེ་ནས་ཆུ་ཚོད་ ༩།༣༠ ཐོག་གཞུང་ཆེན་གྱི་འཛིན་གྲྭ་ཚོགས་པ་བཅས་ཀྱི་སྒོ་ནས་ལས་རིམ་དབུ་འཛུགས་གནང་།
ཟབ་ཁྲིད་འདི་ནི་ཐེངས་གསུམ་པ་ཡིན་ཞིང་། འདིར་ཆེད་སྒྲིག་སློབ་དེབ་ཁག་གསུམ་དང་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་དེབ་ཕྲེང་ལྔ་པའི་སྟེང་ནས་སློབ་ཁྲིད་བྱ་རྒྱུ་དང་། མཉམ་ཞུགས་པ་བཅོ་ལྔ་རྣམས་ནི་གཙུག་ལག་རབ་འབྱམས་པ་སོགས་ཐོན་པའི་དེང་རབས་ཤེས་རིག་ལྡན་པའི་བོད་རིགས་གཞོན་སྐྱེས་ཤ་སྟག་ཡིན། དེ་བཞིན་ལས་རིམ་འདིར་འཛུལ་ཞུགས་གནང་འདུན་མཆིས་ཚེ་འདི་ག་ཆོས་རིག་ལས་ཁུངས་སུ་འཕྲལ་མར་འབྲེལ་གཏུགས་དགོས་པ་ཞུ་རྒྱུ་བཅས། །