ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །ཉེ་ལམ་ཕྱི་ཚེས་ ༡༤ ཉིན་གྱི་ཕྱི་དྲོར་ཕ་རན་སིའི་གྲོང་ཁྱེར་ནིས་ Nice ནང་ Bastille Day ཞེས་རྒྱལ་ཡོངས་དུས་ཆེན་སྲུང་བརྩི་ཞུ་བཞིན་པའི་སྐབས་སུ་ཏུ་ནི་ཤི་ཡའི་མི་རིགས་ཡིན་པ་ Mohamed Lahouaiej Bouhlel ཟེར་བ་ཞིག་གིས་མང་ཚོགས་སྟེང་སྐྱེལ་འདྲེན་རླངས་འཁོར་ཆེ་བ་གང་བྱུང་བཏང་ནས་མི་གྲངས་བརྒྱད་ཅུ་ལྷག་རྐྱེན་ལམ་དུ་བཏང་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བརྟེན། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕ་རན་སིའི་སྲིད་འཛིན་ཕ་རན་ཀོ་སི་ཧོ་ལན་ཌི་ Francois Hollande མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། ངོས་ཀྱིས་སྐུ་ཉིད་དང་ཕ་རན་སིའི་མང་ཚོགས། ལྷག་པར་དོན་རྐྱེན་དེའི་འོག་ཚེ་སྲོག་ཤོར་བའི་ནང་མི་ཉེ་འབྲེལ་དང་ཕྲུ་གུ་སོགས་ཀྱི་ཤུལ་ལུས་ནང་མིས་གཙོས་དགའ་ཉེ་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་སྦྲགས་སེམས་གསོ་ཞུ་རྒྱུ་ཡིན། དེ་བཞིན་རྨས་སྐྱོན་ཕོག་པ་རྣམས་གང་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་དང་ཚེ་སྲོག་ཤོར་བ་རྣམས་ལ་བསྔོ་སྨོན་ཞུ་རྒྱུ་ཡིན། ད་ཆ་དོན་རྐྱེན་འདི་ལྟ་བུའི་གནས་སྟངས་འོག་ལྷུང་སྐབས་ང་ཚོས་ཁོང་ཁྲོ་དང་ཞེ་སྡང་གི་གཞན་དབང་དུ་མ་སོང་བར་རང་གི་སེམས་ཞི་འཇམ་ངང་གནས་པའི་ཐོག འདི་ལྟ་བུའི་རྐྱེན་ངན་སླར་ཡང་མི་ཡོང་བའི་ཆེད་དུ་ཁ་ཡོད་ལག་ཡོད་ཀྱི་ཐབས་ལམ་ཐོག་དགོངས་པ་བཞེས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་འཁོད་ཡོད།།
མ་ཡིག་ངོ་མ་ཨིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།།