ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༨ རེས་གཟའ་པ་སངས།
༄༅། །འཛམ་གླིང་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉེ་ལམ་ཨ་རིའི་ཁུལ་དད་ལྡན་མི་མང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཆིབས་སྒྱུར་བསྐྱངས་པ་དང་། ལྷག་པར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་གཙོས་གནད་ཡོད་མི་སྣ་མང་པོ་ཞིག་མཇལ་འཕྲད་མཛད་དེ་འཛམ་གླིང་ནང་ཞི་བདེ་སྐྲུན་ཐབས་དང་ཡང་སྒོས་བོད་དོན་བདེན་མཐའ་གསལ་རྒྱུར་མཛད་འཕྲིན་རླབས་ཆེན་བསྐྱངས་རྗེས། མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་༧ཞབས་སོར་བདེ་བར་འཁོད་པ་བཅས་ད་ཆ་སྐབས་འདིའི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༨ ཉིན་གྱི་སྔ་དྲོར་ལྡི་ལི་ནས་མཁའ་ལམ་བརྒྱུད་གྷ་གལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་བཅས་གནམ་ཐང་ནང་དུ་ཕེབས་བསུར་བཅར་ཡོད་པ་དང་། གནམ་ཐང་ཕྱིའི་ཕེབས་སྒོར་ས་གནས་འཐུས་ཚོགས་དང་། ས་གནས་བདེ་དོན། ས་གནས་རང་བདེན་ཚོགས་ཆུང་། རྡ་ས་ཁུལ་གྱི་སློབ་གྲྭ་ཁག་གི་འགན་འཛིན། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ་བཅས་ནས་དཀར་གཙང་གི་མཇལ་དར་ལག་ཏུ་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ ༡༡ ཙམ་ལ་ཆིབས་འགྲོ་བརྒྱུད་བཞུགས་སྒར་ཕོ་བྲང་དུ་ཆིབས་སྒྱུར་སྐྱོང་སྐབས་ཕེབས་ལམ་གཡས་གཡོན་དུ་དགེ་འདུན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད། སློབ་ཕྲུག དད་ལྡན་མང་ཚོགས་སོགས་ནས་གཟབ་མཆོར་སྤྲས་ཏེ་ལག་ཏུ་དཀར་གཙང་མཇལ་དར་དང་མཆོད་རྫས་སྣ་ཚོགས་ཐོགས་ནས་གུས་བསུ་ཞལ་མཇལ་ཞུས་པ་དང་། ཕོ་བྲང་དུ་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན་གཉིས་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག བཀའ་བློན་རྣམ་པ་བཅས་དང་། ཕོ་བྲང་གི་རྒྱལ་སྒོའི་ནང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། རང་དབང་ཅན་གྱི་འགན་འཛིན་རྣམ་པ། དེ་བཞིན་དྲུང་ཆེ་རྣམ་པ་བཅས་སོགས་ཕེབས་བསུར་བཅར་འདུག །