ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །བོད་མདོ་སྨད་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོའི་བོད་མི་རྣམས་ཀྱིས་རྒྱ་གཞུང་གིས་མུ་མཐུད་གཏེར་ཁ་སྔོག་འདོན་ལ་ཞི་རྒོལ་སྐད་འབོད་བྱས་པར་རྒྱ་གཞུང་གིས་དམག་མི་ཕོན་ཆེ་གཏེར་ཁ་སྔོག་ཡུལ་དེར་བཏང་ཡོད་འདུག
དེ་ཡང་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ཉིན་བོད་མདོ་སྨད་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོའི་བོད་མི་རྣམས་ཀྱིས་གཏེར་ཁ་སྔོག་ཡུལ་དུ་༼གོང་སྔོན་བླ་རིའི་གཏེར་ཁ་སྔོན་འགོག༽ཞེས་འཁོད་པའི་འཕྲེད་དར་འཕྱར་ནས། གོང་རིམ་གྱི་ཁྲིམས་དང་མཐུན་པའི་སྒོ་ནས་བོད་ཡུལ་ལ་སྲུང་སྐྱོབ་བྱོས། ཁོར་ཡུག་ལ་སྲུང་སྐྱོབ་བྱོས། བླ་རི་ལ་སྲུང་སྐྱོབ་བྱོས། མི་མང་ལ་འཆམ་མཐུན་དང་བདེ་འཇགས་དགོས། ལྷ་རྒྱལ་ལོ། །ཞེས་ཞི་རྒོལ་སྐད་འབོད་བྱས་ཡོད་པར་བརྟེན། ཕྱི་ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་དམག་མི་ཕོན་ཆེ་ཞིག་གཏེར་ཁ་སྔོག་ཡུལ་དེར་བཏང་ནས་སྐོར་སྲུང་བྱས་ཡོད།
སྤྱིར་གཏེར་ཁ་སྔོག་ཡུལ་གཉན་ཆེན་གོང་སྔོན་བླ་རི་ནི། ཨ་མཆོག་ས་གནས་ཡུལ་མིས་མི་རབས་ནས་མི་རབས་བར་མཆོད་བཀུར་བྱ་ཡུལ་གྱི་བླ་རི་ཞིག་ཡིན་ཞིང་། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་བཅུ་གྲངས་ནང་ཁུལ་དེར་གཏེར་ཁ་སྔོག་འདོན་བྱས་སྟེ། ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོས་དང་བཟོ་བཞིན་པ་ཡིན་འདུག །