ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །ཉེ་ལམ་རྒྱ་གར་བྱང་ཕྱོགས་བྷི་ཧཱར་མངའ་སྡེའི་གྲོས་ཚོགས་ཀྱི་འོས་འདུ་ཆེན་མོ་ལེགས་གྲུབ་བྱུང་འབྲས་སུ་དེ་སྔའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མཱར་ (Nitish Kumar) མཆོག་གི་ཆབ་སྲིད་ཚོགས་པ་དང་ཆབ་སྲིད་ཚོགས་པ་གཞན་གཉིས་ཟླ་སྒྲིལ་བཏང་བ་དེར་རྒྱལ་ཁ་ཐོབ་ནས་ཁོང་སླར་ཡང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་འོས་འདེམས་བྱུང་བར་༸གོང་ས་མཆོག་གིས་ཕྱི་ཟླ་ ༡༡ ཚེས་ ༩ ཉིན་འཚམས་འདྲིའི་གསུང་འཕྲིན་སྩལ་བའི་ནང་འཁོད་དོན། ཐེངས་འདིར་སྐུ་ཉིད་མཆོག་ལ་རྒྱལ་ཁ་ཐོབ་པ་ནི་འདས་པའི་ལོ་ ༡༠ ནང་སྐུ་ཉིད་ཀྱིས་དབུ་ཁྲིད་ལམ་སྟོན་འོག་བྷི་ཧཱར་མངའ་སྡེའི་མང་ཚོགས་རྣམས་ལ་ཡར་རྒྱས་བཏང་བའི་གྲུབ་འབྲས་ལ་ཡི་རང་སྔགས་བརྗོད་ཀྱི་རྣམ་པ་གསལ་སྟོན་བྱས་པ་ཞིག་མཚོན།
དེ་སྔ་ངོས་རང་རྒྱལ་ས་པཊ་ནར་བསྐྱོད་སྐབས་ཤིག་ལ་སྟོན་པ་བཅོམ་ལྡན་འདས་ཀྱི་གནས་ས་ཁྱད་པར་ཅན་ཡིན་ནའང་སྨོན་ལམ་རྐྱང་པས་ཡར་རྒྱས་འགྲོ་མི་སྲིད་པ་དང་། ཡར་རྒྱས་འགྲོ་དགོས་ན། དབུ་ཁྲིད་འཇོན་ཐང་ཅན་གྱིས་ལམ་སྟོན་འོག་འབད་བརྩོན་གནང་དགོས། ཞེས་བརྗོད་པ་དེ་སྐུ་ཉིད་མཆོག་གིས་ཐུགས་དྲན་གསོ་བའི་རེ་བ་ཞུ་རྒྱུ་ཡིན། དེར་བརྟེན་སྐུ་ཉིད་མཆོག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེས་མང་ཚོགས་ཀྱི་རེ་འདུན་དེ་དག་སྐུ་ཉིད་མཆོག་གི་བསྒྲུབ་ཐུབ་རྒྱུ་རེད་བསམས་པའི་ཡིད་ཆེས་ཞུ་བཞིན་ཡོད་པ་མཚོན་ཐུབ། ངོས་ཀྱིས་སྐུ་ཉིད་མཆོག་གི་སྐུའི་འཕྲོད་བཞེས་གང་ལེགས་ཐོག་བྷི་ཧཱར་མངའ་སྡེ་ཡར་རྒྱས་གཏོང་རྒྱུའི་ལས་དོན་གང་ཅིའི་ཐོག་རྐྱེན་ངན་བར་ཆད་ཐམས་ཅད་ཞི་ཞིང་བསམ་དོན་ཡིད་བཞིན་དུ་འགྲུབ་སྟེ། མང་ཚོགས་རྣམས་ཡར་རྒྱས་ཀྱི་གནས་ལ་འགོད་ཐུབ་པའི་རེ་སྨོན་ཞུ་རྒྱུ་ཡིན། ཞེས་འཁོད་འདུག
གསུང་འཕྲིན་ངོ་མ་ཨིན་ཡིག་ནང་ཡོད་པ་དེར་རྩ་འཛིན་ཡོང་བ་ཞུ།།