༢༠༡༥ ཟླ་ ༡༠ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐོག་འཛིན་སྐྱོང་ཚོགས་ཆུང་ཟུར་འཛུགས་ཡོད་པ་དེས་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༨ ཉིན་ལོ་འཁོར་སྙན་ཐོ་ཞིག་བཏོན་པའི་ནང་རྒྱ་ནག་གཞུང་གིས་བོད་ནང་དུ་འཛུགས་སྐྲུན་ཡར་རྒྱས་བཏང་ཡོད་སྐོར་བཤད་པ་རྣམས་ལ་རྩིས་མེད་བཏང་ནས། པེ་ཅིང་གཞུང་གིས་བོད་ནང་དུ་མུ་མཐུད་ནས་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པར་སྐྱོན་བརྗོད་ཤུགས་ཆེ་བྱས་ཏེ་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་སོགས་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་སྤྲོད་ཀྱི་མེད་པའི་སྐྱོན་བརྗོད་ཤུགས་ཆེ་བྱས་པ་མ་ཟད། ཡུ་གུར་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱས་པར་བརྟེན་དྲག་སྤྱོད་ལས་འགུལ་ཇེ་ཆེར་འགྲོ་བཞིན་པ་དང་བོད་ནང་དུའང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་དམ་བསྒྲགས་ཤུགས་ཆེ་བྱས་ནས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལ་གཞུང་གིས་སྟངས་འཛིན་བྱས་པའི་སྐྱོན་བརྗོད་གནང་ཡོད།
དེ་བཞིན་བོད་ནང་དུ་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་མུ་མཐུད་ནས་གནས་བཞིན་ཡོད་ཀྱང་རྒྱ་ནག་གཞུང་གིས་བོད་མིའི་དཀའ་ངལ་སེལ་ཆེད་བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་གྲོས་མོལ་བརྒྱུད་ཡུན་རིང་ལུས་པའི་བོད་མིའི་དཀའ་སྡུག་སེལ་ཐབས་བྱ་རྒྱུའི་རྣམ་འགྱུར་གང་ཡང་བཏོན་གྱི་མེད་པའི་སྐྱོན་བརྗོད་སྙན་ཐོའི་ནང་གསལ་འདུག སྙན་ཐོའི་མཐའ་མཇུག་ཏུ་རྒྱ་ནག་ནང་བརྟན་ལྷིང་ཡོང་བར་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་བརྩི་བཀུར་དངས་ལེན་བྱས་ནས་ཆོས་དང་སྐད་ཡིག རིག་གཞུང་དང་བཅས་པར་གུས་བཀུར་དང་ཆེས་མཐོང་ཞུ་ཐོག་ཨར་རྒྱ་ཡུལ་གཉིས་ཀྱི་བདེ་འཇགས་བགྲོ་གླེང་ལྷན་ཚོགས་སྐབས་གསལ་བཤད་དགོས་པའི་རེ་འདུན་བཏོན་འདུག ཕྱོགས་མཚུངས་སྙན་ཐོའི་ནང་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་རྒྱལ་སྤྱིའི་རྟོག་ཞིབ་པ་དང་གསར་འགོད་པ་སོགས་ལ་དམ་བསྒྲགས་བཀག་སྡོམ་སོགས་གང་ཡང་མེད་པར་འགྲོ་བསྐྱོད་བཅུག་ནས་གནས་སྟངས་ངོ་མར་ཉམས་ཞིབ་བྱེད་འཇུག་དགོས་པའི་རེ་འདུན་ཡང་བཏོན་འདུག དེ་ཡང་སྙན་ཐོ་དྲིལ་བསྒྲགས་གནང་སྐབས་ཨ་རིའི་གྲོས་ཚོགས་འཐུས་མི་དང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཀི་རི་སི་སི་མི་ཐི་ Chris Smith མཆོག་གིས་གསུང་དོན། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གང་ཡང་ཕྱིན་མེད་པ་མ་ཟད། སྲིད་འཛིན་ཞིས་ཅིན་ཕིང་གིས་ཡུལ་གྱི་ཁྲིམས་དང་སྤྱི་ཚོགས་ཀྱི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བའི་སྲིད་བྱུས་ལ་བརྟེན་རྒྱ་ནག་ནང་ཡུལ་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་དག་ཡར་རྒྱས་འགྲོ་རྒྱུའི་ཚབ་ཏུ་མར་གུད་འགྲོ་བཞིན་འདུག དེར་བརྟེན་རྒྱ་ནག་ནང་རང་དབང་རྩོད་ལེན་པ་ཙམ་མ་ཟད། ཨར་རྒྱ་གཞུང་གཉིས་དབར་གྱི་མཐུན་ལམ་ལའང་དོ་ཕོག་འགྲོ་ཉེན་འདུག སྤྱིར་སྙན་ཐོ་དེར་ཤོག་གྲངས་ ༣༣༦ ཡོད་འདུག