ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་སེན་ཏ་ཨེ་ནི་ St Anne’s College མཐོ་སློབ་ཏུ་རྒྱ་རིགས་སློབ་ཕྲུག་ཁྱོན་ ༥༠ ཙམ་ལ་མཇལ་ཁ་དང་བཀའ་སློབ་སྩལ་སྐབས། མགོན་པོ་གང་ཉིད་མཆོག་གི་སྐུ་ཚེ་ཧྲིལ་པོའི་ནང་མཛད་ཁུར་དམ་བཅའ་གསུམ་སྟེ་འགྲོ་བ་མིའི་རིགས་ཡོངས་ཀྱི་བདེ་སྐྱིད་དང་བཟང་སྤྱོད་གོང་སྤེལ་གཏོང་རྒྱུ་དང་། ཆོས་ལུགས་མཐུན་སྒྲིལ། བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ཐུན་མིན་རིག་གཞུང་དང་ནང་ཆོས་མི་ཉམས་རྒྱུན་འཛིན་མཛད་རྒྱུའི་སྐོར་བཀའ་སློབ་སྩལ་ཡོད་པ་མ་ཟད། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནང་སེམས་དང་ཚོར་ཤེས་སྐོར་གཏིང་ཟབ་པོ་གསུངས་ཡོད་སྐོར་དང་སྦྲགས་བཀའ་སློབ་སྩལ་དོན།
རྒྱ་ནག་ནི་སྲོལ་རྒྱུན་ཐོག་ནས་ནང་པའི་རྒྱལ་ཁབ་གཅིག་ཡིན། ངོས་རང་ཕྱི་ལོ་ ༡༩༥༤།༥༥ ལོར་རྒྱ་ནག་ཏུ་བསྐྱོད་སྐབས་ནང་པའི་དགོན་པ་དང་གནས་ས་མང་པོ་མཇལ་མྱོང་ཡོད། དེང་གི་ཆར་རྒྱ་ནག་ནང་ནང་པ་ས་ཡ་ ༤༠༠ ཙམ་ཡོད་པའི་ཁྲོད་མང་ཆེ་བས་བོད་བརྒྱུད་ནང་བསྟན་དེ་མི་ཉམས་རྒྱུན་འཛིན་བྱེད་རྒྱུར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ངོས་ཀྱིས་དུས་རྒྱུན་འདི་ལྟར་བརྗོད་ཀྱི་ཡོད། ལོ་རྒྱུས་ཐོག་ནས་བལྟས་ན་རྒྱ་རིགས་དང་བོད་རིགས་རྣམས་གྲོགས་པོ་ཡིན་དགོས་ཀྱི་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།
སྐབས་དེར་རྒྱ་རིགས་སློབ་མ་ཚོས་མགོན་པོ་གང་ཉིད་མཆོག་ལ་གལ་ཏེ་མ་འོངས་པར་༸གོང་ས་མཆོག་གི་ཡང་སྲིད་མ་ཕེབས་ཚེ་བོད་བརྒྱུད་ནང་བསྟན་དེ་ཇི་ལྟར་འཚོ་གནས་ཐུབ་མིན་སྐོར་གྱི་དྲི་བ་ཕུལ་བར་བཀའ་ལན་སྩལ་དོན། སྟོན་པ་བཅོམ་ལྡན་འདས་ཀྱི་ཡང་སྲིད་མེད་པའི་ཐོག་ནས་སྟོན་པའི་གསུང་རྣམས་ལོ་སྟོང་ཕྲག་གཉིས་དང་ཕྱེད་ཀའི་རིང་དར་སྤེལ་འབྱུང་བཞིན་ཡོད། དེ་བཞིན་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་དེ་དག་ཁོང་གི་ཡང་སྲིད་མེད་པའི་ཐོག་ནས་མུ་མཐུད་ཁྱབ་སྤེལ་འགྲོ་བཞིན་ཡོད། བོད་ནང་དུ་ནང་ཆོས་དེ་དུས་རབས་ ༧ པ་ནང་དར་སྤེལ་བྱུང་ཡོད་པ་དང་ཏཱ་ལའི་བླ་མ་དངོས་སུ་མེད་ཀྱང་ནང་ཆོས་ཀྱི་རྩ་བ་སྲ་བརྟན་ཚུགས་ཐུབ་པ་བྱུང་ཡོད། ཅེས་བཀའ་ལན་སྩལ་ཡོད།
དེ་བཞིན་༸གོང་ས་མཆོག་གིས་རྒྱ་མི་རིགས་རྣམས་ཀྱིས་རང་ཉིད་འཛམ་གླིང་གི་ས་ཕྱོགས་གང་དུ་གནས་ཀྱང་སོ་སོའི་སྐད་ཡིག་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུར་འབད་བརྩོན་ལྷོད་མེད་བྱེད་བཞིན་པ་དེར་བསྔགས་བརྗོད་མཛད་ཡོད་པ་མ་ཟད། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་རྒྱ་རིགས་སློབ་མ་རྣམས་ལ་དུས་རབས་ ༢༡ ནང་པ་ཞིག་བྱེད་དགོས་པའི་བཀའ་སློབ་ཕེབས་པ་དང་སྦྲགས། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་པའི་ཆོས་དེ་སངས་རྒྱས་ཀྱིས་གསུངས་པར་བརྟེན་ཡིད་ཆེས་བྱས་པ་ཙམ་ཞིག་མིན་པར། ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་ཞིབ་བྱས་ཏེ་རང་བརྒྱུད་ལ་ཡིད་ཆེས་ཐོབ་པའི་ཐོག་ནས་དད་པ་ཞིག་སྐྱེ་དགོས་པ་ཡིན་སྐོར་བཀའ་སློབ་ཕེབས་ཡོད།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁོར་དང་བཅས་མེག་ད་ལེན་མཐོ་སློབ་ཏུ་ཆིབས་ཞལ་སྒྱུར་ཏེ་ཉིན་གུང་ལྗགས་སྨིན་གྲུབ་བསྟུན། མགོན་པོ་གང་ཉིད་མཆོག་གིས་སོ་ཕི་ཡ་ Sofia Stril-Striver ལགས་ཀྱི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་དངོས་བྱུང་གློག་བརྙན་སྐོར་གྱི་བཅའ་འདྲིར་བཀའ་ལན་སྩལ། དེ་ནས་ཐད་འཕུར་གནམ་གྲུ་བརྒྱུད་ཀེམ་བྷི་རིཇ་ Cambridge དུ་༸ཞབས་སོར་འཁོད་སྐབས། ཁུལ་དེར་གདན་ཞུ་གནང་མཁན་རོ་ཝན་ཝི་ལི་ཡམ་སི་Lord Rowan Williamsམཆོག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་མ་ཟད། ཁོང་རྣམ་གཉིས་ཀྱིས་འབྱུང་ཉེའི་མཛད་འཆར་ཁག་གི་ཐོག་བཀའ་བསྡུར་མཛད་ཡོད་འདུག །