༢༠༡༥ ཟླ་ ༨ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢ ཉིན་ལྷོ་ཨ་ཕི་རི་ཁའི་གྲོང་ཁྱེར་ཇོ་ཧ་ནི་སི་སྦག་ཏུ་རྟེན་གཞི་བྱས་པའི་ལམ་རིམ་ནང་པའི་ཆོས་ཚོགས་ཀྱི་ཚོགས་ཁང་དུ་ཉེ་ཆར་རྒྱ་ནག་གི་བཙོན་འཇུག་དོ་དམ་འོག་འདས་གྲོངས་སུ་གྱུར་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་། བློ་བཟང་ཡེ་ཤེས་ལགས་རྣམ་གཉིས་ལ་མྱ་ངན་གུས་འདུད་མཚོན་བྱེད་མཆོད་འབུལ་སྨོན་ལམ་ཞིག་ཚོགས་ཡོད་འདུག སྨོན་ལམ་གོ་སྒྲིག་གནང་མཁན་ལྷོ་ཨ་ཕི་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཡིན་འདུག དེ་ཡང་མཆོད་འབུལ་སྨོན་ལམ་སྐབས་ཡུལ་དེའི་དད་ལྡན་ནང་པ་རྣམས་དང་། རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས་བསམ་གཏན་ལགས།
དེ་བཞིན་ལྷོ་ཨ་ཕི་རི་ཁའི་སྐུ་ཚབ་དོན་གཅོད་སྣང་ས་ཆོས་སྒྲོན་ལགས་བཅས་ཕེབས་ཡོད། སྐབས་དེར་སྐུ་ཚབ་དོན་གཅོད་སྣང་ས་ཆོས་སྒྲོན་ལགས་ཀྱིས་གསུང་བཤད་གནང་དོན། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་། བློ་བཟང་ཡེ་ཤེས་ལགས་རྣམ་གཉིས་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པ་མགྱོགས་མྱུར་གློད་བཀྲོལ་དགོས་པའི་རེ་འདུན་ཐེངས་མང་བཏོན་མྱོང་ཡོད་ཀྱང་། དེར་རྒྱ་ནག་སྲིད་གཞུང་གིས་ཉན་འཇོག་རྩ་བ་ནས་མ་བྱས་པ་མ་ཟད། ཉེ་ལམ་ཁོང་རྣམ་གཉིས་སྡུག་སྦྱོང་མནར་གཅོད་འོག་བཙོན་ཁང་ནང་སྐུ་གྲོངས་བའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད། དེར་བརྟེན་རྒྱལ་གཅེས་པ་ཁོང་རྣམ་གཉིས་དང་། དེ་བཞིན་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་རྣམས་ཀྱིས་དམ་པ་ཁོང་རྣམ་གཉིས་ཀྱི་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་སྦྲགས་སྨོན་ལམ་འདེབས་རྒྱུ་དང་དེ་བཞིན་བོད་པའི་དགོན་པ་གྲྭ་ཚང་ཁག་ཏུ་ཕྱག་མཆོད་འབུལ་གནང་བཞིན་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་འདུག བདུན་ཕྲག་སྔོན་མའི་ནང་ལྷོ་ཨ་ཕི་རི་ཁའི་སྐུ་ཚབ་དོན་གཅོད་ཁང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དང་དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་ལ་རེ་འདུན་དོན་ཚན་ཁག་གསུམ་བཏོན་འདུག
རེ་འདུན་དེ་དག་ནི། ༡) སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གློ་བུར་དུ་བཙོན་ཁང་ནང་སྐུ་གཤེགས་རྐྱེན་གང་ཡིན་སྐོར་གསལ་བཤད་ཁ་གསལ་དགོས། ཞེས་རྒྱ་ནག་གཞུང་ལ་ཛ་དྲག་གི་རེ་འདུན་འདོན་རོགས། ༢) རྒྱ་ནག་གཞུང་གི་བོད་ནང་དུ་མཉམ་སྦྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པའི་འབྲེལ་ཡོད་ལས་བྱེད་ཕེབས་བཅུག་སྟེ་བོད་མིའི་ཆབ་སྲིད་བཙོན་པའི་གནས་སྟངས་ཐོག་རྟོག་ཞིབ་གནང་འཇུག་དགོས། ༣)༸གོང་ས་ཏཱ་ལའི་བླ་མ་མཆོག་གམ། ཡང་ན་ཁོང་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བྱེད་དགོས། ཞེས་རྒྱ་ནག་གཞུང་ལ་རེ་འདུན་འདོན་རོགས། ཞེས་འཁོད་འདུག གཞན་ཡང་ཐེངས་འདིར་ལྷོ་ཨ་ཕི་རི་ཁའི་སྐུ་ཚབ་དོན་གཅོད་ཁང་གིས་ཉེ་ལམ་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨེ་པི་ཇི་ཨབ་དུལ་ཀ་ལམ་ Dr. A.P.J. Abdul Kalam མཆོག་འདས་གྲོངས་སུ་གྱུར་བར་བརྟེན། ལྷོ་ཨ་ཕི་རི་ཁའི་གྲོང་ཁྱེར་པྲི་ཊོ་རི་ཡ་ Pretoria དང་ཇོ་ཧ་ན་སི་བྷཀ་ Johannesburg ནང་དུ་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ལས་ཁུངས་མ་ལག་དང་བཅས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཐུགས་གསོའི་གསུང་འཕྲིན་སྩལ་བ་དེ་དག་སྙན་སེང་ཞུས་འདུག