ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དབུ་མའི་ལམ་གྱི་ལས་འཆར་གོ་སྒྲིག་ཚན་པའི་བཀོད་སྒྲིག་ལྟར། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༦ ནས་ ༧ བར་སྦེལ་ཀོབ་གཏན་སློབ་དང་། ཕྱི་ཚེས་ ༩ ནས་ ༡༠ བར་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭར་དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས་སྤེལ་སྟངས་སྐོར་ཟབ་ཁྲིད་པར་ཟབ་སྦྱོང་ཞིག་གནང་འགོ་ཚུགས་འདུག
དེ་ཡང་སྦེལ་ཀོབ་གཏན་སློབ་ཏུ་ཟབ་ཁྲིད་པར་ཟབ་སྦྱོང་གནང་སྐབས་སྦེལ་ཀོབ་གཏན་སློབ་དང་། སི་ཝི་པི་བོད་མིའི་སློབ་གྲྭ་ (CST CVP) གུ་རུ་པུ་ར་བོད་མིའི་སློབ་གྲྭ་(CST Gurupura) བཅས་ནས་སློབ་ཕྲུག་གྲངས་ ༢༡ མཉམ་ཞུགས་གནང་ཡོད་པ་དང་། སྦེལ་ཀོབ་གཏན་སློབ་ཀྱི་སློབ་སྤྱི་སི་རཱ་ཝིན་ཌ་རཱན་ལགས་ཀྱིས་ཟབ་སྦྱོང་དབུ་འབྱེད་དང་སྦྲགས་གསུང་བཤད་གནང་ཡོད།
ཐེངས་འདིའི་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། དབུ་མའི་ལམ་གྱི་བྱུང་རིམ་དང་ངོ་བོ། ཐབས་ལམ་སྐོར་སློབ་ཕྲུག་ཚོར་གོ་རྟོགས་གོང་སྤེལ་གཏོང་ཆེད་ཡིན་འདུག་པ་དང་། ཟབ་ཁྲིད་གནང་མཁན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་དང་། བསྟན་འཛིན་བྱམས་ཆེན་ལགས་རྣམ་གཉིས་ཡིན་འདུག