༢༠༡༥ ཟླ་ ༨ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །འདི་གར་ཉི་ཧོང་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༣༡ ཉིན་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོའི་ཤིན་ཇུ་ཀུ་ལྷ་ཁང་དུ་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་པ་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་ཞིག་ཚོགས་འདུག
དེ་ཡང་ཐེངས་འདིའི་མཆོད་འབུལ་སྨོན་ལམ་ཐོག་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་གིས་ཉེ་ལམ་རྒྱ་ནག་གཞུང་གི་བཙོན་ཁང་ནང་འདས་གྲོངས་སུ་གྱུར་བའི་ཆབ་སྲིད་བཙོན་པ་བོད་ཀྱི་བླ་ཆེན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་། དེ་བཞིན་གཞིས་ལུས་བོད་མིའི་ཁྲོད་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ་སེམས་འཚབ་དང་སྦྲགས། གདུང་སེམས་མཉམ་སྐྱེའི་རྣམ་པ་ཤུགས་ཆེ་བསྟན་འདུག མཆོད་འབུལ་སྨོན་ལམ་དེ་ནི་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། ཉི་ཧོང་དངོས་བྱུང་གློག་བརྙན་བཟོ་བསྐྲུན་པ་སྐུ་ཞབས་ཨི་ཀི་ཡ་ཀོ་རུ་ Ikiya Kaoru ལགས་ཐུན་མོང་གིས་གོ་སྒྲིག་གནང་པ་ཞིག་ཡིན་འདུག
སྤྱིར་ཡ་ཀོ་རུ་ལགས་ཀྱིས་དེ་སྔ་བོད་མིའི་རང་ལུས་མེར་སྲེག་བཏང་བའི་སྐོར་རླུང་རྟ་ཞེས་པའི་དངོས་བྱུང་གློག་བརྙན་ཞིག་བཟོ་སྐྲུན་གནང་འདུག་པ་དང་། ཐེངས་འདིར་ཁོང་གིས་བོད་མིའི་རང་ལུས་མེར་སྲེག་བཏང་བའི་གློག་བརྙན་གསར་བཟོའི་ལས་གཞི་དང་། བརྒྱུད་རིམ། དེ་བཞིན་ཁོང་གིས་བོད་མིའི་རང་ལུས་མེར་སྲེག་བཏང་བའི་གནད་དོན་ཐོག་ད་བར་ཉམས་ཞིབ་གནང་བའི་སྐོར་སོགས་ངོ་སྤྲོད་ཞིབ་རྒྱས་གནང་འདུག གློག་བརྙན་དེ་བཞིན་དེང་སྐབས་ཉི་ཧོང་གི་གློག་བརྙན་ཁང་ཆེ་ཁག་ནང་མང་ཚོགས་ལ་སྟོན་བཞིན་ཡོད་པ་བཅས། །