༢༠༡༥ ཟླ་ ༧ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །ཉེ་ལམ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བཙོན་ཁང་དུ་སྐུ་གཤེགས་པའི་གནས་ཚུལ་ཐོན་པར་ཇར་མན་སྤྱི་མཐུན་སྲིད་གཞུང་གི་འགྲོ་བ་མིའི་ཐོབ་ཐང་དང་ཉམ་ཐག་རོགས་སྐྱོབ་ཚན་པའི་འགན་འཛིན་སྐུ་ཞབས་ཁི་རི་སི་ཊོབ་སི་ཊར་སར་ Christoph Strässer མཆོག་གིས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༥ ཉིན་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན།
བོད་མིའི་སྤྱི་མང་ཐོབ་ཐང་རྩོད་ལེན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་སྐུ་གཤེགས་པའི་གནས་ཚུལ་ཐོས་པར་ང་རང་ཧ་ཅང་བློ་ཕམ་ཆེན་པོ་བྱུང་། དམ་པ་ཁོང་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་སུ་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད། དམ་པ་ཁོང་ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་གཞུང་གིས་འཛིན་བཟུང་ཁྲིམས་ཆད་འོག་བཙོན་འཇུག་བྱས་པ་ནས་བཟུང་འཛམ་གླིང་ཁྱོན་དུ་ཆབ་སྲིད་མི་སྣ་འདྲ་མིན་དང་དེ་བཞིན་མི་སྒེར་པ་སོགས་ཧ་ཅང་མང་པོས་ཁོང་བཙོན་ཁང་ནས་གློད་བཀྲོལ་དགོས་པའི་རེ་འདུན་བཏོན་ཡོད། འདས་པའི་ལོ་བསྟུད་མར་ཇར་མན་སྲིད་གཞུང་དང་ཡུ་རོབ་སྤྱི་མཐུན་ཚོགས་པ་བཅས་ཀྱིས་རིན་པོ་ཆེ་མཆོག་ལ་སྨན་བཅོས་མཐུན་རྐྱེན་འབུལ་དགོས་པ་མ་ཟད། བཟང་སྤྱོད་ཐོག་བཙོན་ཁང་ནས་གློད་བཀྲོལ་དགོས་པའི་རེ་འདུན་ཡང་ཡང་ཤུགས་ཆེ་བཏོན་ཡོད། ལྷག་པར་ང་ཚོས་རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་རྣམས་དང་མཇལ་ནས་བཀའ་མོལ་གནང་སྐབས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་འཕྲོད་བསྟེན་ཞན་པོ་ཡོད་སྟབས། ཁོང་ལ་སྨན་བཅོས་མཐུན་འགྱུར་སྦྱར་དགོས་པའི་རེ་འདུན་ཐེངས་མང་བཏོན་པ་མ་ཟད། རིན་པོ་ཆེ་མཆོག་བཙོན་ཁང་ནང་གི་གནས་སྟངས་དུས་ཐོག་ང་ཚོར་ར་སྤྲོད་བྱེད་དགོས་པའི་རེ་འདུན་བཏོན་མྱོང་ཡོད།
འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ང་ཚོའི་འབད་བརྩོན་རྣམས་ལ་དོན་འབྲས་གང་ཡང་སོན་མེད། ང་ཚོས་རིན་པོ་ཆེ་མཆོག་གི་ནང་མི་སྤུན་མཆེད་རྣམས་དང་ཁོང་ལ་རྒྱབ་སྐྱོར་གནང་མཁན་ཚང་མར་སྙིང་ཐག་པ་ནས་གདུང་སེམས་མཉམ་སྐྱེ་དང་སྦྲགས་སེམས་གསོ་ཞུ་རྒྱུ་ཡིན། ང་ཚོས་རྒྱ་ནག་གཞུང་གིས་བཙོན་པ་ཡོངས་རྫོགས་ལ་སྨན་བཅོས་མཐུན་རྐྱེན་སྤྲོད་དགོས་པའི་རེ་འདུན་འདོན་རྒྱུ་ཡིན། སྨན་བཅོས་མཐུན་རྐྱེན་ལ་བསྙད་ནས་བཙོན་པ་དོ་དག་རང་ཉིད་དམ་ཡང་ན་ཁོང་གི་ནང་མི་སྤུན་མཆེད་རྣམས་ལ་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་མི་རུང་། ཕྱི་ལོ་ ༢༠༡༤ ཟླ་ ༣ ནང་མང་གཙོའི་ལས་འགུལ་བ་ཀའོ་ཤུན་ལི་ Cao Shunli ལགས་བཙོན་ཁང་ནང་འདས་གྲོངས་སུ་གྱུར་རྗེས་ཐེངས་འདིར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བཙོན་ཁང་ནང་སྐུ་གཤེགས་པ་དེས་རྒྱ་ནག་གཞུང་གིས་བཙོན་པ་རྣམས་ལ་སྨན་བཅོས་མཐུན་རྐྱེན་མ་སྤྲད་པར། བཙོན་ཁང་ནང་དུ་འཆི་འཇུག་བཞིན་ཡོད་པ་གསལ་པོ་མཚོན་ཐུབ།
དེར་བརྟེན་རྒྱ་ནག་གཞུང་གི་བྱེད་ཕྱོགས་གསར་པ་དེར་ང་ཚོ་ཧ་ཅང་སེམས་ཚབས་ཡོང་བཞིན་འདུག་པ་མ་ཟད། བཟང་སྤྱོད་ཀྱི་ལྟ་གྲུབ་དང་ཡོངས་སུ་འགལ་ཡོད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་ཁྲིན་ཏུར་འབར་རྫས་གས་ཐོར་གྱི་ནག་ཉེས་འོག་ཕྱི་ལོ་ ༢༠༠༢ ལོ་ནས་བཙོན་འཇུག་གི་ཁྲིམས་ཆད་བཏང་ཡོད། གནས་ཚུལ་ཐོན་པ་ལྟར་ན་རིན་པོ་ཆེ་མཆོག་ལ་ཟླ་བ་མང་པོའི་རིང་བཙོན་ཁང་ནང་སྨན་བཅོས་ཀྱི་མཐུན་རྐྱེན་མ་ཕུལ་སྟབས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༢ ཉིན་སྐུ་གཤེགས་ཡོད། མང་གཙོའི་ལས་འགུལ་བ་ཀའོ་ཤུན་ལི་ལགས་ཀྱིས་རྒྱ་ནག་ནང་དུ་མི་མང་མཐུན་ཚོགས་འཛུགས་ཆེད་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་དུས་དེབ་སོགས་ནང་ལས་འགུལ་སྤེལ་བར་བརྟེན་ཕྱི་ལོ་ ༢༠༡༣ ཟླ་ ༩ ནང་པེ་ཅིང་གནམ་ཐང་དུ་ཁོ་མོ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་མཐར་བཙོན་ཁང་ནང་དུ་ཟླ་བ་མང་པོའི་རིང་སྨན་བཅོས་མཐུན་རྐྱེན་མ་སྤྲད་སྟབས་འདས་གྲོངས་སུ་གྱུར་ཡོད། ཇར་མན་སྲིད་གཞུང་གིས་བོད་ནང་རང་སྐྱོང་གི་གནས་བབ་ཚད་མཐོ་རུ་གཏོང་དགོས་པ་མ་ཟད། ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང་སོགས་སྲུང་སྐྱོབ་བྱེད་དགོས། བོད་ཀྱི་གནས་སྟངས་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྐོར་ང་ཚོས་རྒྱ་ནག་གཞུང་གི་དཔོན་རིགས་མཐོ་གྲས་རྣམས་དང་དེ་བཞིན་ཇར་རྒྱ་ཡུལ་གཉིས་ཀྱི་ལྷན་ཚོགས་སྐབས་ང་ཚོས་གླེང་ཡོད་པ་ནི་དཔེར་ན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༤།༥ བཅས་ཉིན་གཉིས་རིང་ང་ཚོས་རྒྱ་ནག་གཞུང་གི་ཆེས་མཐོའི་དཔོན་རིགས་རྣམས་དང་ལྷན་གླེང་ཡོད། ང་ཚོ་ཇར་མན་གཞུང་གིས་རྒྱ་ནག་དང་ལྷན་གྲོས་མོལ་ནམ་བྱེད་སྐབས་བོད་ནང་དུ་རྒྱལ་སྤྱིའི་གསར་འགོད་པ་དང་། ཆབ་སྲིད་མི་སྣ། དེ་བཞིན་གཞུང་འབྲེལ་མི་སྣ་སོགས་ལ་དམ་བསྒྲགས་གང་ཡང་མེད་པར་འགྲོ་བསྐྱོད་འཇུག་དགོས་པའི་རེ་འདུན་འདོན་བཞིན་ཡོད་པ་མ་ཟད། ཐེངས་འདིར་རྒྱ་ནག་གཞུང་ལ་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལྷོད་ཡངས་སུ་བཏང་ནས་བོད་མིའི་སེམས་ནང་ཁོང་ཁྲོ་ཉུང་དུ་གཏོང་དགོས་པའི་རེ་འདུན་ཤུགས་ཆེ་འདོན་རྒྱུ་ཡིན། ཞེས་བསྒྲགས་འདུག