༢༠༡༥ ཟླ་ ༧ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད། དེ་ཡང་ཐེངས་འདིར་༸གོང་ས་མཆོག་གིས་ཨིན་ཡུལ་དང། ཨ་རི། དེ་བཞིན་ཇར་མ་ནི་བཅས་ཀྱི་ནང་ཆོས་འབྲེལ་དང་། མང་ཚོགས་བཀའ་སློབ། དེ་བཞིན་མགོན་པོ་གང་ཉིད་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཏེ་༸སྐུའི་གྱ་སྟོན་གྱི་མཛད་སྒོར་དབུ་བཞུགས་མཛད་པ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཡོད།
ལྷག་པར་ཐེངས་འདིར་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇི་ཌབ་ལུ་བྷུ་ཤི་(George W. Bush)གཏན་ཞལ་གཉིས་དང་སྲིད་འཛིན་ཨོ་བྷ་མའི་དམིགས་བསལ་སྐུ་ཚབ་ཀྱིས་གཙོས་གོང་འཁོད་ཡུལ་གྲུ་དེ་དག་གི་མང་ཚོགས་སྟོང་ཕྲག་མང་པོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་གླུ་གར་དང་བགྲོ་གླེང་། སྐུ་པར་འགྲེམས་སྟོན་སོགས་རྣམ་པ་འདྲ་མིན་གྱི་ལམ་ནས་སྐུའི་གྱ་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
ཐེངས་འདིར་མགོན་པོ་གང་ཉིད་མཆོག་རྒྱ་གར་དུ་ཆིབས་ཞལ་མ་བསྒྱུར་གོང་ཇར་མ་ནི་ཧེ་སེ་ Hesse Parliament མངའ་སྡེའི་གྲོས་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཝོལ་ཀར་བྷོ་ཕར་ Hesse Prime Minister Volker Bouffier མཆོག་གིས་གཙོས་བློན་ཆེན་རྣམ་པ་དང་། གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ཨར་ནོ་གྷོ་རོ་སི་མེན་ Mayor Arno Grossman མཆོག
དེ་བཞིན་ཆབ་སྲིད་ཚོགས་པ་ཁག་གི་དབུ་ཁྲིད་རྣམ་པ་བཅས་ཀྱིས་༸གོང་ས་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་མ་ཟད། དབུ་ཁྲིད་རྣམས་དང་ལྷན་བཀའ་བསྡུར་ཡང་ཟབ་རྒྱས་མཛད་འདུག གྲོས་ཚོགས་ནང་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་གིས་༸གོང་ས་མཆོག་ལ་རྟེན་འབྲེལ་གྱི་ཚུལ་དུ་སྦྲང་རྩི་འབུལ་ལམ་ཞུས་སྐབས།
མགོན་པོ་གང་ཉིད་མཆོག་གིས་ལྗགས་རྩོམ་མཛད་པའི་ཆོས་ལུགས་རིས་མེད་ལ་དག་སྣང་སྦྱང་ཚུལ་དང་། ཆོས་ལུགས་ཀྱི་གྱ་ལས་བརྒལ་བའི་བཟང་སྤྱོད་ A True Kinship of Faiths’ and ‘Beyond Religion’ཅེས་ཕྱག་དེབ་གཉིས་ཕྱག་རྟགས་སུ་སྩལ།
སྤྱིར་ཐེངས་འདིར་༸གོང་ས་མཆོག་ལ་ཇར་མན་ཁུལ་དུ་གདན་ཞུ་གནང་མཁན་ཇར་མ་ནི་བོད་རིགས་ཚོགས་པ་དང་ཇར་མན་བོད་ཀྱི་གྲོགས་པོ་ཚོགས་པ་ Friends of Friend ཞེས་པའི་ཚོགས་པ་གཉིས་ཡིན་འདུག་པ་བཅས།།