༢༠༡༤ ཟླ་ ༡༡ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༩ ཉིན་བཏང་གནས་ནང་འཁོད་དོན། འཛམ་གླིང་གཅིག འགྲོ་བ་གཅིག་གི་དོན་དམ་གྱི་ཞི་བདེ་ (ACTIVE PEACE – One World One Humanity) ཞེས་པའི་འགོ་བརྗོད་འོག་༸བྱམས་མགོན་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་ཐུགས་འགན་བཞེས་ཏེ་འཛམ་གླིང་ནང་ལས་འགུལ་རིམ་པ་སྤེལ་གནང་མཛད་དེ་སྐྱེ་འགྲོ་སྤྱི་དང་འཛམ་གླིང་ཞི་བདེ་ལ་སྨན་པའི་ལས་འགུལ་འདི་སྤེལ་གནང་ནས་འདི་ལོ་མི་ལོ་ ༢༥ ཧྲིལ་པོ་འཁོར་བའི་དུས་དྲན་གྱི་མཛད་སྒོ་གཟབ་རྒྱས་ཤིག་འདི་ཟླའི་ཕྱི་ཚེས་ ༡༣ དང་ ༡༤ ཉིན་གཉིས་རིང་འཕགས་ཡུལ་སྦིར་དཔལ་སྤུངས་ཤེས་རབ་གླིང་དུ་ལྷན་ཚོགས་གནང་བའི་སྐུ་མགྲོན་གཙོ་བོ་ (Swamy Avdeshanand Giri Maharaj, Sri. Anandmurti Gurumaa) གཉིས་ཀྱིས་གཙོས་ཧིན་དྷུ་དང་། ཡི་ཤུ། ཁ་ཆེ། སིག བྷ་ཡེ། བྷ་ར་མི། ཀུ་མ་རི། པར་སེ་ (Hindu, Christian, Moslem, Sikh, Bahai Brahme, Kumari, Parsi) སོགས་རིས་མེད་ཆོས་ལུགས་ཁག་གི་བླ་ཆེན་དང་མཁས་དབང་བརྒྱུད་ལམ་པ། ཚོགས་སྡེ་ཁག་གི་སྐུ་ཚབ།
སྤྱི་ཚོགས་ཞབས་ཞུ་བ། གློག་བརྙན་བཟོ་སྒྲིག་སོགས་ཆེད་མཁས་སྒྱུ་རྩལ་བ་མི་སྣ་གྲགས་ཅན་ཁག་གཅིག་བཅས་མི་གྲངས་ ༣༠༠ ལྷག་ཙམ་འདུ་འཛོམས་གནང་ཡོད། སྐབས་དེར་སྐུ་མགྲོན་གཙོ་བོའི་གྲས་སུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གདན་ཞུ་གནང་བ་ལྟར་ཆེད་ཕེབས་ཀྱིས་ད་ཐེངས་ཀྱི་འདུ་ཚོགས་འདིའི་སྐབས་ཆོས་དང་རིག་གཞུང་གིས་དུས་རབས་ ༢༡ པ་འདིའི་སྐབས་ཕན་ཐོགས་དགོས་མཁོའི་འབྲེལ་བའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད། གཞན་སྐུ་མགྲོན་གཙོ་བོ་རྣམས་ཀྱི་བརྗོད་གཞི་མང་པོའི་ཐོག་གཏམ་བཤད་དང་བགྲོ་གླེང་ལྷུག་པོར་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།