༢༠༡༤ ཟླ་ ༥ ཚེས་་༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༣༡ པ་སྐོང་ཚོགས་གནང་འདུག
དེ་ཡང་ཚོགས་འདུར་སྲིད་སྐྱོང་མཆོག་དང་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་གྱིས་གཙོས་ཚོགས་མི་རྣམ་པས་དཔལ་འབྱོར་འདུ་འགོད་དང་འཛུགས་སྐྲུན་ཡར་རྒྱས་སོགས་གནད་དོན་གལ་ཆེ་ཁག་གཅིག་གི་ཐོག་བསམ་ཚུལ་བརྗེ་ལེན་གནང་ཡོད། སྤྱིར་བཏང་ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་ལ་ཆིབས་སྒྱུར་བསྐྱངས་རྗེས་བོད་ཀྱི་ཟློས་གར་དང་རིག་གཞུང་བདག་གཅེས་དང་གོང་འཕེལ་གཏོང་ཆེད་བོད་ཀྱི་ཟློས་གར་ཚོགས་པ་འདི་བཞིན་གསར་འཛུགས་མཛད་ཡོད།
ཚོགས་འདུ་གྲུབ་རྗེས་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པར་གཟིགས་སྐོར་གནང་ཡོད་པ་མ་ཟད། དེ་གའི་ལས་བྱེད་དང་། སྒྱུ་རྩལ་བ། སློབ་ཕྲུག་བཅས་དང་མཉམ་ཟུར་དུ་ཚོགས་འདུ་འཚོགས་སྐབས། འཆར་ལོ་བཙན་བྱོལ་ནང་ཞོ་སྟོན་ཚོགས་ནས་ད་བར་མི་ལོ་ ༢༠ འཁོར་བའི་དུས་དྲན་འཁེལ་རྒྱུ་ཡིན་སྟབས།
དེར་གཞིགས་པའི་སྔོན་ཚུད་ནས་ཟློས་གར་ཚོགས་ཁང་གི་ཡང་ཐོག་དང་ཐང་ཆེན་སོགས་བསྐྱར་གསོ་དང་། དེ་བཞིན་ཡིག་ཚང་ནང་གི་གློག་ཀླད་དགོས་སྐོར་གྱི་གནད་དོན་ཐོག་གྲོས་བསྡུར་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་ཁོང་རྣམ་པའི་དགོས་མཁོ་བསྐྲུན་ཐབས་སུ་གང་ཐུབ་རོགས་རམ་གནང་རྒྱུའི་ཞལ་བཞེས་ཀྱང་གནང་འདུག ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཐུན་མིན་རིག་གཞུང་བདག་གཅེས་བྱེད་རྒྱུར་བོད་ཀྱི་ཟློས་གར་ཚོགས་པ་ཧ་ཅང་གལ་ཆེ་ཆགས་ཡོད་པར་བརྟེན། རང་འཁྲིའི་ལས་འགན་རྣམས་ལ་མུ་མཐུད་འབད་བརྩོན་གནང་དགོས་པ་དང་། ཁོང་རྣམ་པར་བོད་ཀྱི་རིག་གཞུང་བདག་གཅེས་དང་གོང་འཕེལ་གཏོང་ཐབས་གནང་བ་དེ་ལོ་རྒྱུས་ཐོག་དཔེ་མཚོན་འོས་པ་ཞིག་ཆགས་ཡོད་སྐོར་བསྔགས་བརྗོད་གནང་བ་དང་ཆབས་ཅིག འབྱུང་འགྱུར་འབད་བརྩོན་མུ་མཐུད་བྱེད་དགོས་པའི་སྐུལ་མ་ཡང་གནང་འདུག