༢༠༡༤ ཟླ་ ༤ ཚེས་ ༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡ ཉིན་རྡ་ས་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ ༡༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཚོགས་སོང། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༡༥ སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གཙོས་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་། གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་འགན་འཛིན་གྱིས་གཙོས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྨན་པ་དང་སྨན་སློབ་ལ་སྦྱང་བརྩོན་བྱེད་མཁན་གྱི་སློབ་ཕྲུག་བཅས་མི་གྲངས་ ༢༠༠ བརྒལ་བ་ཚོགས་ཁང་ནང་ལྷན་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་འབྱེད་གྲུབ་མཚམས་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་དང་མི་རིགས་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མྱ་ངན་གུས་འདུད་ཀྱི་ངག་བཅད་སྐར་མ་གཅིག་ཞུས་གྲུབ་མཚམས་གཡུ་ཐོག་གསོལ་འདེབས་གསུང་འདོན་དང་འབྲེལ་གསོལ་ཇ་འབྲས་སིལ་ཕུལ་ཡོད། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་ལས་བསྡོམས་སྙན་ཐོའི་དེབ་དབུ་འབྱེད་དང་། སྨན་ལྷན་ཚོགས་གཙོས་མཛད་སྒོ་ངོ་སྤྲོད་ཀྱི་གསུང་བཤད་གནང་། དེ་ནས་དམིགས་བསལ་སྐུ་མགྲོན་གྱིས་གསུང་བཤད་གནང་དོན།
བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་ཆེད་དུ་ཕེབས་པའི་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་མི་ལས་ཟུར་རྣམ་པ། སྐུའི་བླ་སྨན་པས་གཙོས་སྨན་པ་རྣམ་པ། དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམ་པ། མཛད་སྒོ་འདིའི་ཐོག་མཉམ་ཞུགས་གནང་མཁན་ཡོངས་ལ་ཐོག་མར་ངས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བོད་ཀྱི་གསོ་བ་རིག་པ་འདི་གལ་ཆེན་པོ་ཞིག་ཡིན་པ་ནི་བོད་མི་ཡོངས་ཀྱི་ངོས་འཛིན་ཞུ་བཞིན་ཡོད་པར་བརྟེན། ང་ཚོ་བཙན་བྱོལ་ནང་ཆགས་པ་དེ་ཡང་ལོ་རྒྱུས་ཀྱི་ཐོག་ཕྱིར་མིག་གཅིག་བལྟས་ན། ང་ཚོའི་མེས་པོ་ཚོས་དེང་སང་འཛམ་གླིང་ནང་གསོ་བ་རིག་པ་ལྟ་བུའི་རིག་གནས་ཧ་ཅང་ཕུལ་བྱུང་འདི་ལྟ་བུ་བཞག་ཡོད་པ་དེ་རྒྱུན་འཛིན་བྱེད་རྒྱུ་ང་ཚོར་འགན་ཡོད། ང་ཚོ་བཙན་བྱོལ་དུ་གྱར་ནས་ད་ལྟ་བར་བོད་ཀྱི་སྨན་རྩིས་ཁང་འཛུགས་རྒྱུ་དང་ཡན་ལག་ཁག་འཛུགས་ཐུབ་ཡོད། དེ་བཞིན་རྒྱལ་སྤྱིའི་ཐོག་བོད་ཀྱི་གསོ་བ་རིག་པའི་གནས་བབས་དེ་ཚད་ག་ཚོད་ཙམ་བསླེབ་ཐུབ་པ་དེ་ངས་འགྲེལ་བརྗོད་བྱེད་མི་དགོས་པར་ཚང་མས་མཁྱེན་གསལ་རེད། འོན་ཀྱང་ང་ཚོ་དེ་རིང་འདིར་འཛོམས་པ་དེ་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་མཛད་སྒོ་ཞིག་ཡིན་སྟབས། ངས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ཚབ་ཞུས་ཏེ་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་དང་འབྲེལ་བའི་ཐོག་དོན་ཚན་ཁ་ཤས་ཤིག་ཞུས་ན་བསམས་བྱུང་། དང་པོ། བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་བཙུགས་དགོས་དོན་ནི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཧ་ཅང་གལ་ཆེན་པོ་ཞིག་ལ་བརྩིས་ཏེ་བོད་ཀྱི་སྨན་པའི་ལྷན་ཚོགས་ཀྱི་སྒྲིག་གཞི་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་ཡོད།
དེ་བཞིན་སྤྱི་འཐུས་ལྷན་ཚོགས་ག་དུས་ཚུགས་ཀྱང་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཆོགས་དང་། གསོ་བ་རིག་པའི་ལས་དོན་དང་འབྲེལ་བའི་ཐོག་དུས་རྟག་ཏུ་བགྲོ་གླེང་ལྷུག་པོ་ཡོང་བཞིན་ཡོད། ང་ཚོ་ཚང་མ་སྒྲིག་འཛུགས་གཅིག་གི་ཁྱབ་ཁོངས་སུ་ཆགས་ཡོད་པར་བརྟེན། བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་སྒྲིག་གཞི་དགོངས་དོན་བོད་ཀྱི་སྨན་རྩིས་ཁང་དང་། ཡན་ལག་ཁག་གི་ཚན་པ་སོ་སོ། གཞུང་དང་སྒེར་གྱི་སྨན་པ་སུ་ཞིག་ཡིན་རུང་། སྨན་པའི་ལྷན་ཚོགས་འདི་གལ་ཆེན་པོ་ཞིག་ལ་ངོས་འཛིན་གནང་སྟེ་དེའི་ཐོག་མཐུན་རྐྱེན་དང་། རྒྱབ་སྐྱོར་གང་བྱེད་དགོས་པ་དེ་དག་སྒྲིག་གཞི་གཞིར་བཟུང་འགན་འཁྱེར་དགོས་པ་ཚང་མས་སོ་སོའི་འགན་ཡིན་བསམས་པའི་ཐོག་ནས་ཕྱར་གྲུ་མཉམ་འདེགས་བྱེད་རྒྱུ་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་ཞུ་གི་ཡོད།
དེར་བརྟེན་ངས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ཚབ་ཞུས་ཏེ་དེ་ལྟར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། གཉིས་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཞུས་ན་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་དགོངས་དོན་གཞིར་བཟུང་འཛིན་སྐྱོང་ལའང་ད་ལྟའི་སྐབས་སུ་སྨན་པའི་ལྷན་ཚོགས་ཀྱི་གནས་བབས་དང་འབྲེལ་བའི་ཐོག་ལས་དོན་སྐོར་ཆེད་དུ་ཚོགས་ཆུང་བཙུགས་ཏེ་དཀའ་ངལ་གང་འཕྲད་ཀྱི་ཡོད་པ་དང་། གདོང་ལེན་གང་ལྟར་བྱེད་དགོས། ཚོགས་ཆུང་འཛུགས་རྒྱུ་ཡན་ཆད་གྲོས་ཚོགས་ཀྱི་དགོངས་དོན་དེ་འཛིན་སྐྱོང་ལ་ཞུ་དགོས་ཀྱི་ཡོད། དེ་རིང་ང་ཚོ་དམིགས་བསལ་དགའ་འོས་པ་ཞིག་ལ་དཔལ་ལྡན་སྲིད་སྐྱོང་མཆོག་དེ་རིང་ལོ་བཅུ་འཁོར་བའི་དུས་དྲན་གྱི་མཛད་སྒོ་འདིར་ཕེབས་ཡོད་པར་བརྟེན་འཛིན་སྐྱོང་ངོས་ནས་ཀྱང་བོད་ཀྱི་གསོ་བ་རིག་པ་སྨན་པའི་ལྷན་ཚོགས་ཀྱི་ལས་དོན་གང་ཅིའི་ཐོག་ལམ་སྟོན་གང་དགོས་པ་ཡིན་ན། ད་བར་གནང་ཡོད་པ་ལྟར། སྔར་ལྷག་གནང་རོགས་ཞེས་ངས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ཚབ་ཞུས་ཏེ་ཞུ་རྒྱུ་ཡིན།
གསུམ་པ། བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པ་ལྷན་ཚོགས་ལ་མཚོན་པ་ཡིན་ན། སོ་སོའི་ངོས་ནས་ད་ལྟའི་འཆར་གནས་བབས་ག་འདྲ་ཆགས་ཀྱི་འདུག གོང་དུ་ཚོགས་གཙོའི་ལས་བསྡོམས་སྙན་སེང་གནང་བ་གཞི་བཟུང་། བོད་ཀྱི་གསོ་བ་རིག་པ་དེ་རྒྱ་གར་གྱི་གསོ་བ་རིག་པའི་ཁྱབ་ཁོངས་སུ་དེབ་སྐྱེལ་བྱས་ན། ང་ཚོའི་གནས་སྟངས་ག་འདྲ་ཆགས་ཀྱི་རེད། དེ་བཞིན་བོད་ཀྱི་གསོ་བ་རིག་པ་དེ་རྒྱལ་སྤྱིའི་སྟེང་མཐོང་ཆེན་པོ་བསླེབས་ཡོད་ནའང་ད་བར་རྒྱལ་སྤྱིའི་ཁྲིམས་དོན་གཞི་བཟུང་དེབ་སྐྱེལ་བྱེད་མ་ཐུབ་པ་དེའི་འགག་རྩ་གང་ལ་ཐུག་གི་འདུག དེབ་སྐྱེལ་བྱེད་ཆེད་གང་དང་གང་གནང་དགོས་འདུག སྨན་པའི་ལྷན་ཚོགས་ངོས་ནས་གང་གནང་དགོས་པ་དང་། སྒྲིག་འཛུགས་ངོས་ནས་རྒྱབ་སྐྱོར་གང་གནང་དགོས་འདུག དེ་དག་ཡོངས་སུ་རྫོགས་པ་དེ་རིང་མཛད་སྒོའི་རྗེས་སུ་དམིགས་བསལ་ཚོགས་འདུ་ཉིན་མ་གཉིས་གསུམ་གྱི་འདང་ངེས་ཡིན་པར་བརྟེན་ཚང་མས་ངེས་པར་དུ་གོ་བསྡུར་ལྷུག་པོ་གནང་དགོས་པ་དང་། ཚང་མས་འཁུར་མཉམ་ལེན་གྱི་བསམ་ཚུལ་ཞུ་དགོས་རྒྱུ་གལ་ཆེན་པོ་རེད་དྲན་གྱི་འདུག གཞན་ཡང་ད་ལྟའི་སྨན་པའི་ལྷན་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སངས་རྒྱས་སྨན་བླའི་རྗེས་གནང་སྩལ་བ་རེད། སྨན་པ་ལྷན་ཚོགས་དང་། སྨན་གྱི་ཕྱག་ལས་གནང་མཁན་ཙམ་མིན་པར་ང་ཚོ་བོད་མི་མང་པོ་ཞིག་ལ་སངས་རྒྱས་སྨན་བླའི་རྗེས་གནང་གི་ཕན་ཐོགས་ཆེན་པོ་ཡོང་རྒྱུའི་གནས་སྟངས་ཆགས་ཡོད། ཡིན་ནའང་ངས་ཞུ་རྒྱུར། ཁ་སང་སངས་རྒྱས་སྨན་བླའི་རྗེས་གནང་དང་འབྲེལ་བའི་༸གོང་ས་མཆོག་གིས་བཀའ་སློབ་གང་སྩལ་ཡོད། དེ་བཞིན་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྨན་རྩིས་ཁང་དང་། བོད་ཀྱི་གསོ་བ་རིག་པ་དང་འབྲེལ་བའི་ཐོག་ལ་བཀའ་སློབ་ལམ་སྟོན་གང་ཕེབས་ཡོད་པ་དེ་དག་ཡོངས་སུ་རྫོགས་པ་དངོས་སུ་ཕྱག་ལས་གནང་ཐུབ་ཐབས་སུ་སྒེར་སོ་སོ་དང་སྨན་པའི་ལྷན་ཚོགས་ནས་དངོས་སུ་ཉམས་ལེན་བྱེད་ཆེད་གང་བྱེད་རྒྱུ་འདུག་བགྲོ་གླེང་ཙམ་མིན་པར་དངོས་སུ་ལག་བསྟར་བྱེད་ཆེད་དོན་ཚན་རེ་རེའི་ཐོག་གནད་ལ་ཁེལ་བ་བྱ་རྒྱུ་གལ་ཆེན་པོ་རེད་ཞུ་རྒྱུ་ཡིན།
མཐའ་དོན་ད་བར་བོད་ཀྱི་གསོ་བ་རིག་པ་སྨན་པའི་ལྷན་ཚོགས་བཙུགས་ནས་ལོ་བཅུའི་རིང་ལ་སྨན་པའི་ལྷན་ཚོགས་ཀྱི་ཚོགས་མི་རིམ་བྱོན་གྱི་དཀའ་ལས་འོག་སྤྱི་ཡོངས་ཀྱི་སྨན་པའི་ལྷན་ཚོགས་ཀྱི་སྒྲིག་གཞི་གཏན་འབེབས་བཟོ་རྒྱུ་དང་། སྨན་གྱི་སྡེབ་སྦྱོར་གྱི་སྒྲིག་གཞི་གཏན་འབེབས་བཟོ་རྒྱུ། དེ་བཞིན་ལས་དོན་བྱ་ཕྱོགས་མང་པོའི་ཐོག་དཀའ་ལས་མང་པོ་བརྒྱབ་ནས་གྲུབ་འབྲས་མང་པོ་ཐོན་ཡོད་པ་ལྟར་དཀའ་ངལ་ཡང་མང་པོ་འཕྲད་ཡོད། གྲུབ་འབྲས་གང་ཐོན་པ་རྣམས་ལས་ཉམས་མྱོང་ལེན་རྒྱུ་དང་། ཡར་རྒྱས་གང་གཏོང་དགོས་ཁག་ལ་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་རྒྱུ་དང་། བགྲོ་གླེང་ཡག་པོ་གནང་རོགས་ཞུ་རྒྱུ་ཡིན། དེ་ནས་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཞོན་གྱིས་ཐུགས་རྗེ་ཆེ་ཞུས་ཏེ་སྨན་རྩིས་བསྟན་རྒྱས་སྨོན་ལམ་གསུང་འདོན་གནང་ནས་མཛད་སྒོ་གྲོལ་ཡོད་པ་བཅས། །