༢༠༡༣ ཟླ་ ༨ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །འདི་ག་རྒྱ་ཡིག་ཚན་པའི་གསར་འགོད་པ་ཡེ་ཤེས་བསྟན་འཛིན་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ ༨ ཚེས ༢༦ ཉིན་སྔ་དྲོ་ཆུ་ཚོད ༡༠།༣༠ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇན་ཏར་མན་ཏར་(Jantar Mantar) དུ་ཨེ་ཤི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་ཀྱི་གནད་དོན་གང་མྱུར་ཐག་གཅོད་ཡོང་སླད། བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་སྤེལ་ཡོད།
དེ་ཡང་ལག་ཏུ་བོད་ཀྱི་རྒྱལ་དར་དང་བོད་ཀྱི་ས་ཁྲ་སོགས་ཀྱི་འཕྲེད་དར་ཐོགས་པའི་ཨེ་ཤི་ཡ་བོད་དོན་རྒྱབ་སྐྱོར་ཚོགས་མི་བརྒྱ་ཕྲག་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་ས་གནས་ས་ཐོག་ཏུ་ལྷན་འཛོམས་ཀྱིས་ལས་འགུལ་རྒྱ་ཆེ་སྤེལ་ཡོད། ད་རེས་ཨེ་ཤི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་བོད་དོན་ལས་འགུལ་འདིའི་ནང་། ཨེ་ཤི་ཡའི་རྒྱལ་ཁབ་ཉི་ཧོང་དང་། རྒྱ་གར། འབྲུག ཤྲི་ལངྐ། བལ་ཡུལ་སོགས་རྒྱལ་ཁབ་འདྲ་མིན་གྱི་ཆབ་སྲིད་དབུ་ཁྲིད་དང་། དགེ་རྒན། སློབ་ཕྲུག དགེ་འདུན་པ། དམག་དཔོན་ཟུར་པ། དེ་བཞིན་དམངས་ཁྲོད་ཀྱི་ལས་རིགས་འདྲ་མིན་གྱི་མི་སྣ་གལ་ཆེ་ཁག་མཉམ་ཞུགས་གནང་ཡོད།
ཨེ་ཤི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱུན་ལས་སྐུ་ཞབས་ཊི་ཀ་ལགས་ཀྱིས་ཐེངས་འདིའི་ལས་འགུལ་གཙོ་སྐྱོང་གནང་ཡོད། ལས་འགུལ་འདིར་ཆེད་དུ་གདན་ཞུ་གནང་བའི་སྐུ་མགྲོན་གཙོ་བོ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཊི་ཀ་ལགས་དང་། དེ་བཞིན་འབར་མའི་གྲོས་ཚོགས་ཀྱི་ཚོགས་མི་ཟུར་པ་ཀྲིན་ཀྲི་སི་ཝི་ལགས། ཉི་ཧོང་ནས་ཕེབས་པའི་སྐུ་ཞབས་ན་ཀ་མུ་ར་Ven. Dr Nakamura ལགས། བལ་ཡུལ་གྱི་སྐུ་ཞབས་ཨ་ཤོ་ཁི་ཅོ་ར་སི་ལགས། སྐུ་ཞབས་རི་ཧིལ་ལགས་སོགས་ལས་འགུལ་ནང་མཉམ་ཞུགས་ཀྱིས་གཏམ་བཤད་ཀྱང་གནང་ཡོད།
སྐབས་དེར་འབར་མའི་གྲོས་ཚོགས་ཀྱི་ཚོགས་མི་ཟུར་པ་སྐུ་ཞབས་ཀྲིན་ཀྲི་སི་ཝི་(Dr. Tint Swe)ལགས་ཀྱིས་གསུང་བཤད་གནང་དོན། ང་རང་གི་ངོས་ནས་བོད་དོན་རྒྱབ་སྐྱོར་བྱེད་རྒྱུ་དང་བོད་ཀྱི་འཐབ་རྩོད་ཀྱི་གནད་དོན་འདི་ངའི་སྙིང་ཁར་ཟུག་ཡོད། གང་ལ་ཞེ་ན། བོད་ཀྱི་འཐབ་རྩོད་འདི་ནི་ཆེས་དྲང་བདེན་ལ་གཞི་བཅོལ་བ་ཞིག་རེད་འདུག་ལ། འབར་མའི་མི་དམངས་ཚོས་ཀྱང་བོད་ཀྱི་བདེན་པའི་འཐབ་རྩོད་འདིར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཅེས་གསུངས།
དེ་བཞིན་རྒྱ་གར་གྱི་དམག་དཔོན་ཟུར་པ་ཨབྷ་ཌུལ་ར་སུལ་ཁང་Mr Abdul Rasool Khanལགས་ཀྱིས་་གསུང་བཤད་གནང་དོན། བོད་དང་རྒྱ་གར་དབར་ལོ་ངོ་སྟོང་ཕྲག་རིང་མཛའ་མཐུན་མཉམ་གནས་ངང་གནས་ཡོད་མོད། བོད་རྒྱལ་ཁབ་དེ་རྒྱ་ནག་གིས་བཙན་བཟུང་བྱས་རྐྱེན། ཕྱི་ལོ ༡༩༦༢ ལོར་བོད་དང་རྒྱ་གར་ས་མཚམས་སུ་རྒྱ་དཀར་ནག་གཉིས་དམག་འཐབ་བྱས་དགོས་ཐུག་ཡོད། དེར་བརྟེན་རྒྱ་གར་གྱིས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་སྔར་ལྷག་གིས་རྒྱབ་སྐྱོར་བྱེད་རྒྱུ་ནི་འདོར་མི་རུང་བའི་འོས་འགན་ཞིག་ཡིན་ལ། འདི་ནི་རྒྱ་གར་བའི་བླ་མེད་ཀྱི་འགན་འཁྲི་ཡང་རེད། ང་ཚོས་བོད་ཀྱི་བདེན་པའི་འཐབ་རྩོད་འདིར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་བོད་མི་དམངས་ཀྱི་སྡུག་བསྔལ་སེལ་རོགས་བྱ་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་ནས་སྐུ་ཞབས་ཝི་ཇེ་ཀ་རན་ཏི་(Mr Vijay Kranti)ལགས་ཀྱིས་གསུང་བཤད་གནང་དོན། ཕྱི་ལོ ༡༩༤༩ སྔོན་དུ་རྒྱ་གར་དང་རྒྱ་ནག་ལ་ས་མཚམས་ཟེར་བའི་སྐད་ཆ་གཏན་ནས་ཡོད་པ་མ་རེད། བོད་རྒྱ་ནག་གིས་ཧམ་བཟུང་བྱས་ཚུན། རྒྱ་གར་དང་རྒྱ་ནག་གི་ས་མཚམས་ཟེར་བའི་སྐད་ཆ་འདི་བྱུང་བ་རེད། ཅེས་དང།
ཁོང་གིས་མུ་མཐུད་གསུངས་དོན། རྒྱ་ནག་གིས་བོད་ཀྱི་གཙང་པོ་མང་དག་ཅིག་གི་མགོ་རྔ་ཡོངས་སུ་རང་འདོད་ལྟར་གཡོ་སྐྱོམ་བྱས་པ་དང་། ཆུ་རགས་བརྒྱབ་པ། གློག་ཁང་བཟོས་པ་སོགས་གཏོར་བཤིག་ཅི་ཐུབ་བྱས་པས་བོད་ཀྱི་གཙང་པོ་འདི་དག་ལ་སྦག་བཙོག་དང་ཤུགས་རྐྱེན་ངན་པ་ཧ་ཅང་ཐེབས་ཡོད། ཅེས་སོགས་གསུངས་ཡོད།
འབུམ་རམས་པ་ཚོགས་གཙོ་ཊི་ཀ་Dr. N K Trikha,ལགས་ཀྱིས་གསུང་བཤད་གནང་དོན། བོད་མི་དམངས་ཀྱི་དཀའ་སྡུག་ནི་ཚིག་གི་ལམ་ནས་ཧ་ཅང་བརྗོད་པར་དཀའ། དེ་ནི་རྒྱ་ནག་སྲིད་གཞུང་གིས་བོད་མིར་ཁྲག་དྲི་བྲོ་བའི་དྲག་གནོན་ཁོ་ན་བྱས་དང་བྱེད་མུས་ཡིན་པའི་རྐྱེན་གྱིས་རེད། རྒྱ་ནག་གིས་བོད་ཀྱི་སྐད་དང་ཡི་གེ་རྩ་མེད་གཏོང་བའི་སྲིད་བྱུས་ཅི་རིགས་བརྩམས་ཡོད་མོད། ད་ཆ་སྲིད་བྱུས་དེ་དག་རིམ་པས་ཕམ་ཉེས་འགྲོ་བཞིན་ཡོད། ངའི་རེ་བར་བོད་དོན་རྒྱབ་སྐྱོར་ཚོགས་པ་འདྲ་མིན་གྱི་འབད་བརྩོན་འོག བོད་མིའི་རང་དབང་སླར་གསོ་ཐུབ་པ་དང་བོད་མིས་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་ཡོད་ཚད་ལོངས་སུ་སྤྱོད་ཐུབ་པའི་རེ་བ་ཧ་ཅང་ཆེ། ཞེས་དང།
ཁོང་གིས་མུ་མཐུད་གསུང་དོན། ད་ཐེངས་ཀྱི་ཨེ་ཤི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་འདི་ནི་ ཧིན་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་བྱས་པ་ཞིག་རེད་ལ། ལས་འགུལ་འདི་བརྒྱུད་ཉེ་བའི་ལོ་ཤས་ནང་བོད་མི་བརྒྱ་ལྷག་གིས་བོད་ཀྱི་རྩ་དོན་ཆེད་རང་ཉིད་ཀྱི་རྩ་ཆེའི་ཚེ་སྲོག་བློས་བཏང་བྱས་ནས་བོད་མིའི་སེམས་ནང་གི་སྡུག་བསྔལ་རྣམས་རྒྱལ་སྤྱིར་ཕྱིར་བསྒྲགས་ཐེངས་ཤིག་བྱས་ཡོད་ཅེས་གསུངས།
དེ་བཞིན་་ཉི་ཧོང་ནས་ཕེབས་པའི་ཨེ་ཤའི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་མི་འབུམ་རམས་པ་ན་ཀ་མུ་ར་དང་། རྒྱ་གར་ཨ་རུ་ན་ཅལ་ནས་ཕེབས་པའི་ཏ་ཆོ་ཁ་པལ། བལ་ཡུལ་ནས་ཕེབས་པའི་ཅོ་ར་སི་ཡ། ཁ་ཆེའི་གཞོན་སྐྱེས་ལས་འགུལ་སྤེལ་མི་ཕ་ཡ་སི་མ་ཧ་མུ་ཏི་སོགས་ནས་ཀྱང་ལས་འགུལ་ལ་མཉམ་ཞུགས་ཀྱིས་གསུང་བཤད་ཀྱང་གནང་ཡོད།
ཨེ་ཤི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་བ་ཡོངས་ཀྱི་ཐུན་མོང་ཐོག་འབོད་སྒྲ་ཞིག་ཡོད་པ་ནི། བོད་ རྒྱ་ནག་གིས་བཙན་བཟུང་བྱས་པ་དང་རིམ་བཞིན་བོད་ཀྱི་རྩ་ཆེའི་སྐད་ཡིག་དང་རིག་གཞུང་། རིན་ཐང་བྲལ་བའི་བོད་ཀྱི་རི་ཆུ་ནགས་གསུམ་ལ་ཚབས་ཆེའི་གཏོར་བརླག་བྱས་པ་སོགས་ནི་སུས་ཀྱང་སྣང་མེད་དང་གུ་ཡངས་གཏོང་མི་རུང་ཞེས་བརྗོད་ཡོད། བོད་ནི་འཛམ་གླིང་གི་རྩེ་མོར་གནས་པ་དང་འཛམ་གླིང་གི་ཆེས་ཐ་མའི་དག་ཞིང་ལྟ་བུ་ཡིན་པས། གལ་ཏེ་བོད་ཀྱི་སྣོད་བཅུད་ལ་གཏོར་བརླག་ཚད་མེད་ཐེབས་ཚེ། བོད་ཙམ་དུ་མ་ཟད་འཛམ་བུ་གླིང་དང་ལྷག་པར་དུ་ཨེ་ཤི་ཡའི་རྒྱལ་ཁབ་མང་པོ་ཞིག་གི་མི་དམངས་ཀྱི་འཚོ་བ་དང་ཐད་ཀར་འབྲེལ་བ་ཆགས་ཡོད་པས་ང་ཚོས་བོད་དོན་རྒྱབ་སྐྱོར་མ་བྱས་ཐ་མེད་རེད། ཅེས་སོགས་ཀྱི་གསུང་བཤད་གནང་སྟེ་བོད་དོན་རྒྱབ་སྐྱོར་གྱིས་ལས་འགུལ་སྤེལ་ཡོད།།