༢༠༡༣ ཟླ་ ༧ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །འདི་ག་རྒྱ་ཡིག་ཚན་པའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་བསྟན་འཛིན་ལགས་ཀྱིས་སྦེལ་ཀོབ་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་འདི་ཟླའི་ཚེས་ ༥ ཉིན་དགོང་མོའི་ཆུ་ཚོད་ ༨ པར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་ཕེབས་འབྱོར་གནང་ཡོད།
དེ་ཡང་སྲིད་སྐྱོང་མཆོག་ད་ཐེངས་ལྷོ་ཕྱོགས་སུ་ཕེབས་དོན་གཙོ་བོ་ནི། ཕྱི་ཟླ་ ༧ ཚེས ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་ཡིན་པ་ལྟར། འདི་ལོའི་༸གོང་ས་མཆོག་གི་འཁྲུངས་སྐར་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀར་གཞིས་བཅས་པའི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་འཁྲུངས་སྐར་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུ་བར་བཅར་ཡོད་པ་དང་སྦྲགས། ལྷོ་ཕྱོགས་ཀ་ན་ཊ་ཀའི་བློན་ཆེན་སོགས་མཇལ་འཕྲད་ཞུས་ཡོད་མ་ཟད། ༸གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་ལ་འཚམས་ཞུའི་བཀའ་ཤག་གི་གསུང་བཤད་ཀྱང་གནང་ཡོད།
ལོ་འདིའི་འཁྲུངས་སྐར་གྱི་ལས་རིམ་ཡོངས་སུ་མཇུག་རྫོགས་རྗེས་དགོང་དྲོའི་ཆུ་ཚོད་༦ ཙམ་ལ་སྲིད་སྐྱོང་མཆོག་ཞིས་ཆགས་ཀྱི་མཉམ་འབྲེལ་ཚོགས་ཁང་ལ་གཟིགས་སྐོར་ཕེབས་པ་དང་། དེར་འདུས་པའི་བོད་ཁྱིམ་སློབ་གྲྭ་དང་ཉིན་མོའི་སློབ་ཕྲུག་སྟོང་ཕྲག་གཅིག་ཙམ་ལ་བཀའ་ཤག་སྐབས་བཅུ་བཞི་པའི་སྲིད་ཇུས་ལངས་ཕྱོགས་དང་། བཀའ་ཤག་གིས་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་ཇི་ཙམ་གལ་ཆེན་འཛིན་གྱི་ཡོད་མེད་སྐོར་ལ་གསུང་བཤད་རྒྱས་པ་གནང་། གསུང་བཤད་མཇུག་རྫོགས་རྗེས་སློབ་མ་རྣམས་དང་ཆུ་ཚོད་གཅིག་ཙམ་རིང་དྲི་བ་དྲིས་ལན་གནང་ཡོད།
ཕྱི་ཚེས་ ༧ ཉིན་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་ནས་སྦིང་ལོར་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་བཅས།།